༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་ཚོགས་ཆུང་གིས་རྒྱ་ནག་ལ་དབྱེ་ཞིབ་མ་གནང་བའི་སྔ་རོལ་དུ་སུད་སི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༨ ཉིན་བོད་ནང་གི་གནས་སྟངས་སྐོར་དྲ་ཐོག་ཞིབ་དཔྱོད་ལྷན་ཚོགས་ཤིག་བསྐོང་འཆར་ཡོད་པ་རེད།
དེ་ཡང་ཞིབ་དཔྱོད་ལྷན་ཚོགས་ཐོག་བོད་དོན་ཞུ་གཏུག་ཚོགས་ཁག་གིས་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་སྤྱན་འབུལ་ཞུས་པའི་བོད་ནང་གི་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་གན་རྒྱ་ (International Covenant of Economic, Social and Cultural Rights) ལག་ལེན་དོན་ཁྱོལ་མ་བྱས་པའི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག
སྤྱིར་གན་རྒྱའི་ནང་མཚན་རྟགས་འགོད་མཁན་རྣམས་ནས་གན་རྒྱའི་ནང་དོན་ལྟར་ལག་བསྟར་བྱས་པའི་སྙན་ཐོ་ཕུལ་དགོས་པ་མ་ཟད། ལོ་ལྔ་རེའི་མཚམས་སུ་གན་རྒྱའི་ནང་དོན་ལྟར་ལས་དོན་གང་བརྩམ་པར་དབྱེ་ཞིབ་གནང་དགོས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ ལོར་གན་རྒྱར་མཚན་རྟགས་བཀོད་ཡོད་པ་དང་། དེ་ནས་བཟུང་རྒྱལ་ཚོགས་ཀྱི་ཚོགས་ཆུང་གིས་རྒྱ་ནག་ལ་དབྱེ་ཞིབ་ཐེངས་གཉིས་གནང་ཡོད་ཅིང་། ཡོང་འགྱུར་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༡༥ ནས་ ༡༦ བར་འཚོག་འཆར་ཡོད་པའི་དབྱེ་ཞིབ་ཚོགས་ཐུན་ཐེངས་ ༧༣ ཐོག་ཚོགས་ཆུང་ངོས་ནས་རྒྱ་ནག་ལ་དབྱེ་ཞིབ་ཐེངས་གསུམ་པ་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་དྲ་ཐོག་ཞིབ་དཔྱོད་ལྷན་ཚོགས་བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ་བརྒྱུད་རྒྱ་གར་གྱི་དགོང་དྲོའི་ཆུ་ཚོད་ ༧:༣༠ ནས་ ༨:་༣༠ བར་དང་། ཇི་ནི་ཝའི་དགོང་དྲོ་ཆུ་ཚོད་ ༣:༠༠ ནས་ ༤: ༠༠། ནིའུ་ཡོག་གི་སྔ་དྲོའི་ཆུ་ཚོད་ ༩:༠༠ ནས་ ༡༠: ༠༠ བར་ཐད་སྲིང་ཞུ་རྒྱུ་དང་། ཚོགས་ཞུགས་པ་རྣམས་ནས་ངོ་དེབ་ཏུ་མཆན་བཀོད་དེ་དྲི་བ་ཕུལ་འཐུས།
ཞིབ་དཔྱོད་ལྷན་ཚོགས་ཀྱི་གསུང་བཤད་པ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། ཇར་མ་ནཱིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཀའི་མུ་ལར་ (Kai Müller) ལགས། བོད་དོན་ཞུ་གཏུག་མཉམ་སྦྲེལ་གྱི་འབྲེལ་མཐུད་པ་གྷོ་རི་ཡ་མོན་ཊ་གོ་མི་རི་ (Gloria Montgomery) ལགས་བཅས་ཡིན།།