༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༨ ཉིན་མེ་སོར་གྲོང་ཁྱེར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པ་ (Indo-Tibet Friendship Society) དང་། ཝི་ངྷི་ཡ་ཝར་ངྷ་ཀ་མཐོ་སློབ་ (Vidyavardhaka First Grade College) ཐུན་མོང་གིས་བོད་ཀྱི་རང་དབང་དང་རྒྱ་གར་ས་མཚམས་ཀྱི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་བགྲོ་གླེང་གི་ཐོག་མར་ཝི་ངྷི་ཡ་ཝར་ངྷ་ཀ་མཐོ་སློབ་ཀྱི་སློབ་སྤྱི་མཱ་ནི་གོ་ཌ་(S.Manigowda) ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སྙིང་དོན་གཏམ་བཤད་པ་རཱ་ཝི་ཇོ་ཤི་ (Ravi Joshi) ལགས་ཀྱིས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་ལ་དབང་བསྒྱུར་བྱས་ཏེ་མུ་མཐུད་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཁྱབ་སྤེལ་གྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ཡང་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་ཁུལ་ཡིན་པ་རྗོད་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
རྒན་ཡོལ་ཟིན་པའི་རྒྱ་གར་གྱི་མདའ་དཔོན་སཱ་ཏི་ཤི་ལགས་ཀྱིས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་རིག་གཞུང་སྣ་ཚོགས་ལས་གྲུབ་པའི་རྒྱ་གར་གྱི་ཆིག་སྒྲིལ་ལ་ཞབས་འདེགས་བསྒྲུབས་ཡོད། ཅེས་གསུངས། གཞན་ཡང་ཁོང་གིས་རྒྱ་ནག་གི་དམག་མིས་ཕྱི་ལོ་ ༢༠༢༠ ལོར་གྷལ་ཝན་ལུང་གཤོངས་སུ་བཙན་འཛུལ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་བཙན་འཛུལ་བྱས་པ་སོགས་ཀྱི་སྐོར་གསུངས།ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་བོད་མི་རྣམས་ཀྱིས་དཀའ་ངལ་སྣ་ཚོགས་ལ་མ་འཛེམས་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད། བགྲོ་གླེང་གཙོ་སྐྱོང་བ་ཤི་ཝ་རམ་ (Shivaram D.J) ལགས་ཀྱིས་བགྲོ་གླེང་དེ་བརྒྱུད་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་ཁེ་ཕན་དང་། རྒྱ་གར་བ་རྣམས་ཀྱིས་བོད་མིར་རྒྱབ་སྐྱོར་གནང་དགོས་པའི་སྐོར་ཁ་གསལ་བྱུང་ཡོད་པའི་རེ་བ་ཡོད་ཅེས་གསུངས།
ཐེངས་འདིའི་བགྲོ་གླེང་ནང་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་གྲངས་ ༥༠༠ དང་དགེ་རྒན་ ༥༠ ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཧོར་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་དང་། གཞན་ཕན་ཚོགས་པའི་ངེས་སྟོན་པ་དགེ་བཤེས་བསོད་ནམས་ཕུན་ཚོགས་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།