༄༅། །འདི་གར་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས་ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་ལམ་སྟོན་བཞིན་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་ཕྲུག་སློབ་མ་རྣམས་ལ་དགུན་ཁའི་གུང་སེང་སྐབས་ཟླ་བ་གཅིག་རིང་རིན་མེད་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བོད་ཡིག་དང་། རོལ་ཆ། གཞས་སྣ་སོགས་དམིགས་བཀར་ཟུར་ཁྲིད་ཀྱི་མཐའ་མའི་མཇུག་སྡོམ་མཛད་སྒོ་ལེགས་པར་གྲུབ་ཡོད།དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། སྐུ་མགྲོན་ཕྱོགས་བཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། བོད་མིའི་སློབ་ཡོན་ལས་གཞིའི་ (Tibetan Scholarship Program) འགན་འཛིན་སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས། བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས། མཆོད་འཇོར་ས་འཐུས་ཚོགས་གཙོ། དེ་བཞིན་ཀཐ་མན་ཀྲུ་ཁུལ་གྱི་ས་གནས་འཛིན་དང་། ཤར་ཝ་ར་ས་གནས་འགོ་འཛིན། བལ་ཡུལ་གངས་ཅན་བདེ་རྩའི་འགན་འཛིན། བལ་ཡུལ་ཡན་ལག་རྩིས་ཞིབ་འགན་འཛིན། བལ་ཡུལ་ཤེས་རིག་དཔར་ཁང་གི་འགན་འཛིན། མཆོད་འཇོར་ས་གནས་རང་བདེན་ཚོགས་གཙོ་རྣམ་གཉིས། གཞན་ཡང་ས་གནས་གཞོན་ནུ་དང་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ། ཆོལ་ཁ་གསུམ་གྱི་ཚོགས་གཙོ་གསུམ། དེ་བཞིན་སློབ་ཕྲུག་དང་ཕ་མ་སོགས་མི་གྲངས་བཞི་བརྒྱ་ཙམ་འདུ་འཛོམས་གནང་ཡོད།དེ་ཉིན་མཛད་རིམ་ལྟར་ཉིན་གུང་ཆུ་ཚོད་ ༡༢ཿ༣༠ ནས་བཟུང་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་སྐུ་གསུམ་འདེགས་འབུལ་དང་སྦྲགས་མཇལ་དར་རིམ་པས་ཕུལ་བ་དང་། སློབ་ཕྲུག་ཁག་གཅིག་གིས་རྔ་རོལ་གླིང་བུ་དང་བཅས་བལ་བོད་གཉིས་ཀྱི་རྒྱལ་གླུ་བཏང་། ཆུ་ཚོད་ ༡ཿ༣༠ ནས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་ཐད་གཏོང་དྲ་ཐོག་ནས་ནང་ཆོས་ངོ་སྤྲོད་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར་ཤེས་ཡོན་དང་། བཟང་སྤྱོད་སྐོར་གསུང་བཤད་གནང་།དེ་རྗེས་མཆོད་འཇོར་ས་གནས་འགོ་འཛིན་ཕུར་བུ་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་སློབ་ཁྲིད་གསར་དུ་འགོ་འཛུགས་ཞུ་དགོས་པ་སོགས་ཀྱི་བྱུང་རིམ་དང་མཛད་སྒོའི་ངོ་སྤྲོད་གནང་གྲུབ་མཚམས་ཟླ་གཅིག་སློབ་ཁྲིད་ཀྱི་མཐུན་འགྱུར་སྦྱིན་བདག་རྒྱལ་ཆུང་བློ་བཟང་སྒྲོལ་མ་ལགས་ (DDDF) དང་། དང་བླངས་སློབ་དགེ་རྣམ་པ། སློབ་ཕྲུག་གྲངས་ ༡༧༥ བཅས་པར་གཟེངས་བསྟོད་ཕྱག་འཁྱེར་དང་དར་དཀར་ཕུལ། སྐུ་མགྲོན་གཙོ་བོ་དང་ཕྱོགས་བཞུགས་སྤྱི་འཐུས་བཅས་ནས་གསུང་བཤད་དང་བསྔགས་བརྗོད་གནང་།
དེ་ནས་སློབ་ཕྲུག་གི་ཕ་མའི་སྐུ་ཚབ་སྲི་ཞུའི་ལས་བྱེད་བགྲེས་ཟུར་ཚེས་གསུམ་ལྷ་མོ་ལགས་ཀྱིས་ཟླ་གཅིག་དམིགས་བཀར་ཟུར་ཁྲིད་སྐབས་ཀྱི་གཟིགས་ཚུལ་དང་གྲུབ་འབྲས་སྐོར་དགོངས་ཚུལ་སོགས་ཡི་རང་གི་བསྔགས་བརྗོད་གནང་། དེ་བཞིན་སློབ་ཕྲུག་གི་འཐུས་མིའི་མྱོང་ཚོར་དང་འབྲེལ་མ་འོངས་པ་ཡང་འདི་ལྟ་བུའི་གོ་སྐབས་བསྐྲུན་རོགས་ཞེས་འབོད་སྐུལ་ཞུས།དེ་རྗེས་སློབ་མ་རྣམས་ཀྱིས་ཟུར་ཁྲིད་ཀྱི་གྲུབ་འབྲས་གཟིགས་འབུལ་ལྟ་བུའི་སྒྲ་སྙན་དང་། ཡང་ཅིང་དཀྲོལ་ཏེ་མཉམ་གཞས་ཤིག་དང་། སྒོར་གཞས་གཉིས་འཁྲབ་སྟོན་ཞུས། མཐར་མཆོད་འཇོར་ས་གནས་འགོ་འཛིན་གྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས། །