༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༢༧ ཉིན་ཞལ་འདོན་མཉེན་ཆས་དང་པུར་རྒྱལ་བོད་ཀྱི་རྒྱན་གོས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་གཅིག་ཚང་འཛོམས་ཐོག་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཆོས་རིག་ལས་ཁུངས་ནས་འདོན་སྤེལ་ཞུས་པའི་ཞལ་འདོན་མཉེན་ཆས་གསར་པ་དབུ་འབྱེད་དང་། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་གཞུང་ཞབས་ཟུར་པ་ལྷ་རྩེ་བཙན་གཉེར་སྐལ་བཟང་མཁས་གྲུབ་ལགས་ཀྱིས་བརྩམས་པའི་པུར་རྒྱལ་བོད་ཀྱི་རྒྱན་གོས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད།
བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཞལ་འདོན་མཉེན་ཆས་དབུ་འབྱེད་གནང་བ་དང་སྦྲགས། ཁ་པར་སྤྱོད་ཆས་ཀྱི་མཛོད་ཁང་ (apps store) དུ་བླུགས་པའི་སྤྱོད་ཆས་རིགས་ཁུངས་དག་པོ་དང་། དྲ་རྒྱའི་བདེ་འཇགས་ལ་མི་གནོད་པ། ནང་དོན་ཕན་ཐོགས་ཡོད་པ་ཞིག་དགོས་སྐོར་དང་། དེ་བཞིན་ཞལ་འདོན་རིགས་ཁ་པར་སྤྱོད་ཆས་ཀྱི་རྣམ་པར་བཟོས་པ་འདིས་ཞལ་འདོན་རྒྱུན་གནས་དང་། དད་ལྡན་རྣམས་ནས་ནམ་དུས་ངེས་མེད་ལ་བཀོལ་སྤྱོད་ཐུབ་པའི་དགེ་མཚན་ཡོད་པའི་སྐོར། གཞན་ཡང་ཞལ་འདོན་འདོན་པའི་སྐབས་སུ་ནང་དོན་ལ་རྒྱུས་ལོན་གནང་སྟེ་སེམས་ལ་འགྱུར་བ་གཏོང་ཐབས་གནང་དགོས་སྐོར་ལམ་སྟོན་གནང་ཡོད།
སྤྱིར་ཞལ་འདོན་མཉེན་ཆས་གསར་བཟོའི་ལས་གཞི་དེ་བཞིན་དེང་རབས་འཕྲུལ་ཆས་ཡར་རྒྱས་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ལོ་གཅིག་ཙམ་སྔོན་ནས་དབུ་འཛུགས་གནང་ཡོད་པ་དང་། ལས་གཞི་དེའི་ཆེད་འབྲེལ་ཡོད་དགོན་སྡེ་ཁག་ལ་འབྲེལ་བ་ཞུ་རྒྱུ་དང་། མ་དཔེ་དག་ཞུ་གནང་རྒྱུ། མཉེན་ཆས་ཀྱི་ངོ་བོར་བཟོ་རྒྱུ་མཚོན་པའི་ལས་དོན་ཁག་ལེགས་པར་གྲུབ་སྟེ་ད་ཆ་ཚད་ལྡན་མཉེན་ཆས་ཀྱི་རྣམ་པར་གྲུབ་ཡོད། ཞལ་འདོན་མཉེན་ཆས་དེ་ཉིད་ཀུ་ཤུ་རྟགས་ཅན་དང་། ཨེན་ཊོ་རཊ་ (andriod) སྤྱོད་ཆས་མཛོད་ཁང་གཉིས་ནས་ཕབ་ལེན་གནང་འཐུས་མོད། འཕྲུལ་རིག་གི་དཀའ་ངལ་ཞིག་གིས་རྐྱེན་བྱས་ཏེ་རེ་ཞིག་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་ཕབ་ལེན་གནང་རྒྱུར་དཀའ་ངལ་འཕྲད་སྲིད་ཀྱང་གཟའ་འཁོར་གཅིག་ཙམ་རྗེས་དཀའ་ངལ་བསལ་ཏེ་ཕབ་ལེན་གནང་ཐུབ་པའི་ཚོད་དཔག་གནང་གི་ཡོད།
ཞལ་འདོན་མཉེན་ཆས་གསར་བཟོའི་འགྲོ་གྲོན་མཐུན་འགྱུར་ཨི་ཊ་ལི་ནང་པའི་མཐུན་ཚོགས་ཀྱིས་གནང་ཡོད་པ་དང་། པུར་རྒྱལ་བོད་ཀྱི་རྒྱན་གོས་དཔེ་དེབ་ཆེད་དཔལ་འབྱོར་མཐུན་འགྱུར་ཨ་རིའི་རོགས་ཚོགས་ (USAID) ཀྱིས་གནང་ཡོད་པ་བཅས།།