༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེནྜ་གྱི་ལས་འཁྱུར་སྲིད་བློན་ལྕམ་སྐུ་ཇ་སིན་ཊ་ཨར་ཊན་མཆོག་ལ་ཡི་རང་བསྔགས་བརྗོད་ཀྱི་ཕྱག་བྲིས་ཤིག་སྩལ་གནང་ཡོད།
དེ་ཡང་ཕྱག་བྲིས་ནང་མགོན་པོ་གང་ཉིད་མཆོག་གིས་སྲིད་བློན་ལྕམ་སྐུ་ཇ་སིན་ཊ་ཨར་ཊན་མཆོག་གིས་དཀའ་ངལ་ཆེ་བའི་སྐབས་མིག་དཔེར་འོས་པའི་དབུ་འཁྲིད་གནང་བར་ཡི་རང་བསྔགས་བརྗོད་གནང་བ་དང་སྦྲགས། ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༠༣ ནང་མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་མི་མང་དུ་མ་རྐྱེན་འདས་རྨས་སྐྱོན་ཕོག་པའི་གོད་ཆགས་སྐབས་བྱམས་བརྩེའི་ཐོག་ནས་ལན་འདེབས་གདོང་ལེན་གནང་བར་རྗེས་སུ་ཡི་རང་གནང་ཡོད།
ཕྱག་བྲིས་ནང་མགོན་པོ་མཆོག་གིས། སྐུ་ཉིད་ཀྱིས་འཕྲལ་དུ་འཚེ་བ་འཕོག་མཁན་རྣམས་ནིའུ་ཛི་ལེནྜ་ཁྱིམ་ཚང་གི་ཁྱབ་ཁོངས་ཡིན་ལ། འཚེ་བའི་ནག་ཉེས་ཅན་རྣམས་སྤྱི་ཚོགས་ནས་ཁ་བྲལ་དུ་ཕྱིན་པའི་གསལ་བསྒྲགས་གནང་བ་དེ་ནི་དོན་རྐྱེན་དེར་དངོས་ཡོད་དང་མཐུན་པའི་དཔྱད་ཞིབ་གནང་བ་ཆགས་ཡོད།
སྤྱིར་ང་ཚོ་ཚང་མ་ཕན་ཚུན་བརྟེན་ནས་བསྡད་ཡོད་སྟབས། ང་ཚོས་ཚང་མ་མཉམ་འདུས་ཡོང་ཐབས་དང་། འགྲོ་བ་མི་རིགས་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་བསམ་བློ་གཏོང་དགོས། ཞེས་དང་།
མཐར་མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ཇ་སིན་ཝ་ཨར་ཊན་མཆོག་གིས་སྲིད་བློན་ནས་རྩ་དགོངས་ཞུས་པའི་རྗེས་སུའང་ནིའུ་ཛི་ལེནྜ་མི་མང་གི་བདེ་སྡུག་ཆེད་ཕྱག་ལས་མུ་མཐུད་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་བཅས།།