༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བརྒྱུད་ཨ་རི་ (DRL) རོགས་དངུལ་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༩ ནས་ ༡༣ བར་ཉིན་གྲངས་ལྔ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མ་འོངས་ཁྲིམས་ཡིག་ཟབ་སྦྱོང་སྤྲོད་རྒྱུར་དགོས་མཁོ་དཔྱད་ཞིབ་དང་སློབ་ཁྲིད་པར་སློབ་ཁྲིད་ཟབ་སྦྱོང་སྦྱོང་བརྡར་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ཚེས་ ༩།༡༠།༡༣ བཅས་ལ་དཔྱད་ཞིབ་ཀྱི་ལས་གཞི་བསྐྱངས་པ་དང་། ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་ཕྱི་དྲིལ་ཀམ་པུཊར་ཚོགས་ཁང་དུ་་སློབ་ཁྲིད་པར་སློབ་ཁྲིད་ཟབ་སྦྱོང་གོ་སྒྲིག་ཞུས་པའི་ནང་འདི་གའི་འབྲེལ་ཡོད་ལས་བྱེད་ཀྱིས་གཙོས་གཤམ་འོག་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། ས་གནས་ཁྲིམས་དྲུང་། དབུས་འོས་བསྡུ་ལས་ཁང་། འདེམས་བསྐོ་ལྷན་ཁང་། ཤེས་རིག་ལས་ཁུངས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་ཚན་པ། དྷ་ས་ཁྲིམས་ལུགས་རིག་པ་བ་ཚོགས་པའི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༢༤ མཉམ་ཞུགས་གནང་། སྦྱོང་བརྡར་དབུ་འབྱེད་མཛད་སྒོའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་ཀྱིས་སྦྱོང་བརྡར་གྱི་ངོ་སྤྲོད་དང་དམིགས་ཡུལ། དེ་བཞིན་སྦྱོང་བརྡར་འདི་བཞིན་འདི་ག་དང་ Ceeli Institute Prague, Advancing the Rule of Law, International Foundation for Electoral System (IFES) བཅས་མཉམ་སྦྲེལ་གི་ལས་གཞི་ཡིན་པ་དང་། ལས་གཞི་འདི་དང་འབྲེལ་ནས་གོང་གསལ་ཚོགས་པ་ཁག་ནས་འབྲེལ་ཡོད་ལས་བྱེད་གཉིས་ཆེད་ཕེབས་དང་། ཟབ་སྦྱོང་གི་སློབ་ཁྲིད་གནང་མཁན་ Prof. Christie S Warren ཆེད་ཕེབས་གནང་ཡོད་པ་བཅས་ཀྱི་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་དབུ་འཛུགས་ཞུས།
སྦྱོང་བརྡར་གྱི་བརྗོད་གཞི་གཙོ་བོ་ནི་མ་འོངས་པར་སྡེ་ཚན་སུ་རུང་ནས་སྦྱོང་བརྡར་གོ་སྒྲིག་སྐབས་སྦྱོང་བརྡར་མ་ཕུལ་གོང་དང་གྲུབ་པའི་རྗེས་སུ་སྦྱོང་བརྡར་དགོས་མཁོ་དཔྱད་ཞིབ་བྱེད་ཕྱོགས་དང་། སློབ་ཁྲིད་གནང་མཁན་ཞིག་ཡིན་པའི་ཆ་ནས་སྔོན་ཚུད་སྦྱོང་བརྡར་དང་འབྲེལ་བའི་གྲ་སྒྲིག་ཞུ་སྒོ་ཐོག་ཟབ་ཁྲིད་གནང་ཡོད་པ་བཅས། །