༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་སུད་སིའི་གྲོང་ཁྱེར་ཝིན་ཊར་ཐུར་ (Winterthur) ཁུལ་གྱི་བོད་མིའི་གཟའ་མཇུག་སློབ་གྲྭ་ནང་ཁུལ་ལོ་འཁོར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བོད་གཞས་དང་གཏམ་རྒྱུད་འཁྲབ་སྟོན། དེ་བཞིན་གཏམ་དཔེ་སོགས་ཀྱི་རིག་རྩལ་འགྲན་བསྡུར་གོ་སྒྲིག་གནང་ཡོད་པ་དང་། ཐེངས་འདིའི་རིག་རྩལ་འགྲན་བསྡུར་ནང་སློབ་ཕྲུག་གྲངས་ ༣༦༥ དང་། གཟའ་མཇུག་སློབ་གྲྭ་གྲངས་ ༡༨ ཀྱི་དགེ་རྒན་མཉམ་ཞུགས་གནང་ཡོད། རིག་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་རེ་ལ་སུད་སྒོར་ ༤༠༠ དང་། ཨང་གཉིས་པར་སུད་སྒོར་ ༣༠༠། ཨང་གསུམ་པར་སུད་སྒོར་ ༢༥༠ དང་གཟེངས་རྟགས་རེ་གནང་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་ཀྱིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ལས་རིམ་གོ་སྒྲིག་གནང་མཁན་དང་། རིག་རྩལ་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམ་པ། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཕ་མ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། གཞན་ཡང་རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་བཅས་ཀྱིས་གསུང་བཤད་གནང་ཡོད།
མཐར་ཚེ་དབང་མུན་གསལ་གཟའ་མཇུག་སློབ་གྲྭའི་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།