༄༅། །ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་སིར་ཁ་སྒྱུ་རྩལ་ལྟེ་གནས་ཁང་ (CIRCA) གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་ཞི་བདེའི་གལ་གནད་སྐོར་བཀའ་སློབ་སྩལ་བ་ཁག་ཕྱོགས་སྒྲིག་ཞུས་པའི་རེ་བའི་སྒྱུ་རྩལ་ཞེས་པའི་གློག་བརྙན་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༡ ཉིན་གྱི་དགོང་དྲོ་ལོན་ཌོན་ས་གནས་ཀྱི་ཆུ་ཚོད་ ༨།༢༣ སྟེང་མི་མང་འདུ་འཛོམས་ཆེ་ཤོས་ཀྱི་ས་གནས་པི་ཀ་ཌི་ལེ་སིར་ཀ་སི་ (Piccadilly Circus) ཁུལ་གྱི་བསྒྲགས་བྱང་སྟེང་གཟིགས་ཕུད་ཞུས་ཡོད།
གློག་བརྙན་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་དང་། འཛམ་གླིང་འདིའི་སྒང་ལ་ང་ཚོ་ཚང་མ་མཉམ་དུ་འཚོ་དགོས། རིགས་རུས་དང་། མཚོན་མདོག ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ནི་རིམ་པ་གཉིས་པ་ལྟ་བུ་ཡིན་ཞིང་། གཙོ་བོ་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་ངེས་པར་བདེ་སྐྱིད་དང་ཞི་བདེ་ལྡན་པའི་སྒོ་ནས་འཚོ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་ཟུར་འདོན་ཞུས་འདུགགཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གློག་བརྙན་དེ་དང་འབྲེལ་ནས་སིར་ཁ་སྒྱུ་རྩལ་ལྟེ་གནས་ཁང་ལ་བཀའ་སློབ་ལམ་སྟོན་ཞིག་སྩལ་བའི་ནང་། ང་ཚོས་མུ་མཐུད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ངེས་པར་དུ་འཛིན་དགོས། ང་ཚོ་ཚང་མར་བདེ་སྐྱིད་དགོས་ཀྱི་ཡོད་པ་དེ་དྲན་དགོས། དོན་དངོས་སུ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་རྒྱུའི་ཐོབ་ཐང་ཡོད། ང་ཚོའི་མི་ཚེའི་བརྒྱུད་རིམ་ནང་དཀའ་ངལ་འཕྲད་སྲིད་པ་རེད། ཡིན་ནའང་ང་ཚོས་རེ་བ་བརླག་ཏུ་འཇུག་རྒྱུ་མེད། ལས་དོན་ཞིག་མགྱོགས་མྱུར་དོན་འབྲས་སོན་པར་ངང་རྒྱུད་རིང་བའི་སྒོ་ནས་ང་ཚོས་མུ་མཐུད་སེམས་ཤུགས་བསྐྱེད་དེ་སྒྲུབ་དགོས། ཞེས་འཁོད་ཡོད། གློག་བརྙན་དེ་གཟིགས་ཕུད་མ་ཞུས་གོང་དགོང་དྲོའི་གསོལ་ཚིགས་ཀྱི་འདུ་འཛོམས་སྐབས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་ཨིན་ཡུལ་དོན་ཁང་གི་དྲུང་ཆེ་བློ་ཆོས་བསམ་གཏན་ལགས་རྣམ་གཉིས་སིར་ཁ་སྒྱུ་རྩལ་ལྟེ་གནས་ཁང་གི་འགན་འཛིན་ཇོ་སེབ་ཨོ་ཁོ་ནོར་ (Josef O’Connor) ལགས་དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་དེར་འདུས་གསར་འགོད་པ་དང་། སྒྱུ་རྩལ་བ། རྩོམ་པ་པོ་སོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་བོད་མི་རྣམས་ལ་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཀའ་སློབ་ཕེབས་ཀྱི་ཡོད་པ་དེ་ལུང་འདྲེན་གྱིས་གསུང་བཤད་གནང་ཡོད།
གློག་བརྙན་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༡ བར་དུ་ཉིན་ལྟར་ས་གནས་ཀྱི་དགོང་དྲོ་ཆུ་ཚོད་ ༨།༢༣ སྟེང་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དང་། འཇར་མན་གྱི་རྒྱལ་ས་བྷར་ལིན། ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་མེལ་བྷོར་ནེ། ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སི་བཅས་ཀྱི་ནང་གཟིགས་འབུལ་ཞུ་རྒྱུ་ཡིན་པ་བཅས།།