༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཙམ་ལ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། དོན་ཁང་གི་དྲུང་ཆེ། འཛིན་སྐྱོང་ལས་རོགས་བཅས་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཕི་རེ་ཌེ་ལིམ་(Freedy Lim) མཆོག་དང་མཇལ་འཕྲད་ཞུས་ཡོད། སྐབས་དེར་ཚོགས་གཙོ་གཞོན་པ་ཧུང་སུན་ཧན་ (Hung Sun Han) མཆོག་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་གི་རྐྱེན་པས་ཕེབས་མ་ཐུབ་པར་ཁོང་གི་ཕྱག་རོགས་ཡིན་ཁྲུན་ལིག་ (Ying Chun Liu) ལགས་ལྷན་བཅར་ཞུས་ཡོད་པ་དང་། མཇལ་བཅར་སྐབས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཐའེ་བོད་བར་གྱི་འབྲེལ་ལམ་དང་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་ཕན་ཚུན་འགྲོ་འོང་གི་ལས་གཞི་དང་། བཙན་བྱོལ་བོད་མི་རྣམས་ཐའེ་ཝན་དུ་འབྱོར་བར་མཐོང་མཆན་དཀའ་ངལ་སེལ་ཕྱོགས། གསུམ་བཅུ་དུས་དྲན་གྱིས་གཙོས་ཆབ་སྲིད་ཀྱི་ལས་འགུལ་དང་། བོད་ཀྱི་ལོ་གསར་སྲུང་བརྩི་མཚོན་སྲོལ་རྒྱུན་རིག་གཞུང་སོགས་ཀྱི་སྐོར་བཀའ་མོལ་ལྷུག་པོ་ཞུས་ཡོད་ལ། འབྲེལ་ཡོད་གྲོས་ཚོགས་འཐུས་མི་ནས་ཀྱང་གང་ཐུབ་ཐུབ་ལག་བསྟར་ཐུབ་ཐབས་བྱ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༧ ཉིན་ཐའེ་ཝན་ཧ་ཀ་བདེ་དོན་ལྷན་ཚོགས་ (Hakka Affars Council) ཀྱི་བློན་ཆེན་སྐུ་ཞབས་ཡི་འོང་ (Yiong Conzin) མཆོག་དོན་གཅོད་ལས་ཁུངས་སུ་ལོ་གསར་པའི་འཚམས་འདྲིར་ཕེབས་སྐབས། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཏེ། བོད་མི་རྣམས་ཀྱི་མཐོང་མཆན་དཀའ་ངལ་སེལ་ཕྱོགས་སྐོར་ད་བར་ཡར་རྒྱས་ཆེན་པོ་ཕྱིན་མེད་པའི་གནས་ཚུལ་ཆ་ཚང་འགྲེལ་བརྗོད་ཞུས་པ་དང་། སྐུ་ཞབས་ཁོང་ནི་སྔ་ཕྱི་བར་གསུམ་བོད་དོན་ལ་རྒྱབ་སྐྱོར་ལྷད་མེད་གནང་མཁན་ཞིག་དང་། འབྲེལ་ཡོད་ཚང་མ་དང་འབྲེལ་འདྲིས་ཆེན་པོ་ཡོད་སྟབས་ཕྱོགས་གང་གི་ཐད་ནས་འབོད་བསྐུལ་ཞུ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད།
གཞན་ཡང་ཉིན་དེའི་ཕྱི་དྲོར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དབུས་བཞུགས་ཐོག་ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ཐའེ་ཝན་གཞུང་ཁོངས་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལྷན་འཛོམས་ཐོག་འབྱུང་འགྱུར་བོད་ཀྱི་ལོ་གསར་དང་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཐད་ཆུ་ཚོད་ ༢ ཙམ་གོ་བསྡུར་སྦྱངས་བཤད་ཞུས་ཏེ་ལས་འགུལ་གྱི་འབོད་ཚིག་དང་དུས་ཚེས། ལས་འགན་ཆ་བགོས་བཅས་ཞུས་ཡོད་པ་དང་། གོང་གསལ་ལས་གཞི་དེ་གསུམ་སྤེལ་སྐབས་མི་སྣ་ངོ་སྤྲོད་དང་ཉམས་མྱོང་གསོག་ཆེད་ཐའེ་ཝན་དུ་ཟབ་སྦྱོང་ལ་ཕེབས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་བརྙན་འཕྲིན་ཚན་པའི་ལས་བྱེད་ཚེ་རིང་སྒྲོལ་མ་ལགས་ཀྱང་མཉམ་འཁྲིད་བྱས་ཡོད་པ་བཅས། །