༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༡ ཉིན་ཡེ་ཤུའི་བླ་ཆེན་པོབ་བྷེ་ནི་ཌིག་ཊི་ (Pope Emeritus Benedict XVI) མཆོག་དགུང་གྲངས་ ༩༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ལྡི་ལིར་རྟེན་གཞི་བྱས་པའི་ཡི་ཤུའི་བླ་ཆེན་པོབ་ཀྱི་གདན་ས་ཝེ་ཊི་ཀན་གྱི་གཞུང་ཚབ་ཁང་ (Apostolic Nunciature) ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ངོས་ཀྱིས་ཆོས་གྲོགས་པོབ་བྷེ་ནི་ཌིག་ཊི་དམ་པ་ཁོང་ལ་བསྔོ་བ་སྨོན་ལམ་དང་། ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
དེ་སྔ་པོབ་བྷེ་ནི་ཌིག་ཊི་དམ་པ་ཁོང་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བའི་སྐབས་ང་ཚོས་འགྲོ་བ་མིའི་རིན་ཐང་གོང་མཐོར་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་མོས་མཐུན་བྱུང་། དམ་པ་ཁོང་གིས་ཡི་ཤུའི་ཁྲི་འཛིན་ ༡༦ གནང་བའི་སྐབས་འགྲོ་བ་མིའི་རིན་ཐང་གོང་མཐོར་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ལ་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་སྟེ་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད།
ངོས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཚོ་དང་ལྷན་ཕན་ཚུན་གོ་བསྡུར་བྱས་ཏེ་ཁོང་ཚོའི་ཉམས་མྱོང་ལས་ངོས་ལ་བློ་སྐྱེད་མང་པོ་ཐོབ་བྱུང་། ཕན་ཚུན་གོ་བསྡུར་བྱས་པ་དེས་ང་ཚོ་དབར་ཆོས་ལུགས་ཀྱི་གོ་རྟོགས་གོང་སྤེལ་གཏོང་བར་ཞབས་འདེགས་བསྒྲུབས་ཐུབ་ཡོད། ང་ཚོས་འཛམ་གླིང་གི་ས་ཁུལ་ཁ་ཤས་ནང་དངངས་སྐྲག་སྐྱེ་བཞིན་པ་མཐོང་བའི་སྐབས་འདིར། པོབ་བྷེ་ནི་ཌིག་ཊི་དམ་པ་ཁོང་གི་སྐུ་ཚེའི་མཛད་འཕྲིན་ལས་བསླབ་བྱ་བླངས་ཏེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེའི་ཆེད་དུ་ཞབས་འདེགས་བསྒྲུབ་དགོས། ཞེས་འཁོད་ཡོད་པ་བཅས།།