༄༅། །འདི་གར་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༨ ནས་ ༣༡ བར་སྡེ་ར་ལྡུན་ཁུལ་དུ་གཞུང་དོན་ཕྱོགས་ཕེབས་ཀྱིས་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་ཨུ་ཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་སྦཤ་ཀུ་མཱར་ (Shri. Subhash Kumar) ལགས་དང་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ད་བར་མངའ་ཁོངས་བོད་མི་རྣམས་ལ་གང་སྤྱིའི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པའང་མུ་མཐུད་མཐུན་འགྱུར་རོགས་མགོན་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། ཁོང་གིས་དགེ་འཕེལ་གླིང་གཞིས་ཆགས་གསར་རྒྱག་དང་འབྲེལ་བའི་སྒོར་འབུམ་ ༦༥ ལྷག་ཙམ་ས་གཞུང་ལ་འབུལ་དགོས་པ་དེ་ཆག་ཡང་འཐོབ་རྒྱུར་རོགས་སྐྱོར་གནང་རྒྱུའི་བཀའ་བཟང་ཕེབས། དེ་རྗེས་ས་གནས་འགོ་འཛིན་གྱིས་ཀྱང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དགོངས་དོན་ས་གཞུང་ནས་ཁྱབ་ཁོངས་ས་ཁག་བཞི་ནང་འགྲོ་ལམ་གསར་བཟོའི་ལས་གཞི་དངོས་སུ་ལག་བསྟར་ཡོང་རྒྱུར་རོགས་སྐྱོར་ཡོང་བ་ཞུས།ཕྱི་ཚེས་ ༢༨ ཉིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ལས་གཞི་འགྲོ་བཞིན་པ་ཁག་གསུམ་ལ་ཐུགས་ཞིབ་གནང་བ་དང་། དེ་བཞིན་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་སུའང་ས་འགོ་ལས་ཁུངས་གསར་རྒྱག་བྱ་ཡུལ་ས་ཆར་གཟིགས་ཞིབ་གནང་།
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་སྡེ་ར་ལྡུན་དུ་ས་གནས་འགོ་འཛིན་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཁྱབ་ཁོངས་ས་གནས་ཁག་གཅིག་གི་ས་ཆའི་གནད་དོན་གྱིས་གཙོས་གཞན་ཡང་ལས་དོན་ཁག་གཅིག་སྐོར་ནང་སྲིད་དྲུང་ཆེའི་ལྷན་གོ་བསྡུར་ཞུས་རྗེས་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ལམ་སྟོན་པ་ནི་ལཱེ་རཏྣཱ་ཀུ་ཀྲི་ཏི་ (Nilay Ratna Kukreti) ལགས་དང་ལྷན་ས་ཞིབ་བྱེད་རྒྱུའི་མཚོན་པའི་ས་ཆའི་གནད་དོན། དེ་བཞིན་རྡོ་སྣུམ་ས་ཚིགས་གསར་རྒྱག་དང་འབྲེལ་བའི་ལས་གཞི་བྱེད་ཕྱོགས་ཐད་གོ་བསྡུར་དང་ལམ་སྟོན་ཞུས་ཡོད།
གོང་གསལ་ས་གནས་ཁག་ཏུ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་གཞུང་དོན་ཕྱོགས་ཕེབས་རིང་ནང་སྲིད་དྲུང་གཞོན་དངོས་གྲུབ་འོད་ཟེར་ལགས་ལྷན་བཅར་ཞུ་ཡོད་པ་བཅས།།