༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༣༠ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གི་(Earth Caravan) ཞེས་པའི་ཚོགས་པས་གོ་སྒྲིག་ཞུས་པའི་རེ་བའི་མི་ལྕེ་ཞེས་པའི་ལས་འགུལ་བ་རྣམས་དང་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡:༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྡོར་གདན་མ་ཧཱ་ཡ་ན་གསོལ་མགྲོན་ཁང་དུ་ཉི་ཧོང་ནས་ཕེབས་པའི་རེ་བའི་མེ་ལྕེ་ཞེས་པའི་ལས་འགུལ་བ་མི་སྣ་བརྒྱད་དང་ཐུག་འཕྲད་གནང་ཡོད་ཅིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་འགུལ་བ་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ལས་འཁྲུངས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ངོ་བོ་དང་། དགོས་དམིགས་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་བ་མ་ཟད། དེང་སྐབས་དེ་ཉིད་སློབ་གྲྭ་ཁག་གི་བསླབ་གཞིར་གྱུར་ཏེ་འཛམ་གླིང་ནང་གི་སློབ་གྲྭ་ཁག་དང་ཤེས་ཡོན་བསྟི་གནས་ཁག་ཏུ་སློབ་ཁྲིད་གནང་བཞིན་ཡོད་པའི་སྐོར་དང་། དེ་ལྟ་བུའི་སཱི་ཤེས་ཡོན་བསླབ་གཞི་ཉི་ཧོང་སྐད་དུ་བསྒྱུར་ཏེ་སློབ་གྲྭ་ཁག་ཏུ་སློབ་ཁྲིད་བྱེད་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་ཡོད།དེ་དང་ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་དང་། བཙན་བྱོལ་ནང་བོད་མིའི་གཞིས་ཆགས་དང་སློབ་གྲྭ་གསར་འཛུགས་གནང་བའི་རིམ་པ། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་ནང་མང་གཙོའི་སྒྲིག་འཛུགས་ཀྱི་འཕེལ་རིམ། མང་གཙོའི་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་རྗེས་རེ་བའི་མེ་ལྕེའི་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་འདུན་དམ་བཅའ་བཞག་གནང་ཡོད།
རེ་བའི་མེ་ལྕེའི་ལས་འགུལ་བ་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ལས་འགུལ་དེའི་དགོས་དམིགས་དང་། ད་བར་གྱི་གྲུལ་བཞུད་ཀྱི་རིམ་པ་ངོ་སྤྲོད་གནང་བ་མ་ཟད། དེ་རིང་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱིས་རེ་བའི་མེ་ལྕེ་དབུལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་པ་བཟང་པོ་བྱུང་ཞེས་གསུངས་ཡོད། སྤྱིར་རེ་བའི་མི་ལྕེ་ཞེས་པའི་ལས་འགུལ་གྱི་མེ་ལྕེ་དེ་ནི་ཕྱི་ལོ་༡༩༤༥ ལོའི་ཟླ་བ་ ༠༨ ནང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་འཕངས་པའི་རྡུལ་ཕྲན་མཚོན་ཆའི་རྗེས་ཤུལ་གྱི་མེ་རྒྱུན་ཡིན་ཞིང་། མེ་ལྕེའི་ལས་འགུལ་དེ་བརྒྱུད་འཛམ་གླིང་སྤྱི་ཡོངས་སུ་ཞི་བདེ་གོང་འཕེལ་ཡོང་བའི་རེ་སྨོན་བཅང་གི་ཡོད་འདུག ད་བར་ལས་འགུལ་བ་རྣམས་ནས་འཛམ་གླིང་ཁྱོན་ཡོངས་སུ་ཆོས་ལུགས་དང་རིགས་རུས་དབྱེར་མེད་ཀྱི་མི་སྣ་མཇལ་འཕྲད་གནང་འདུག་པ་མ་ཟད། མི་འབུམ་གཅིག་ལྷག་གིས་འཛམ་གླིང་ཞི་བདེའི་ཆེད་ཐུགས་སྨོན་དམ་བཅའ་གནང་འདུག དེ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་ཉིན་གཉིས་པའི་སྔ་དྲོར་ལས་འགུལ་བ་རྣམས་ལ་མཇལ་ཁ་དང་འཛམ་གླིང་ཞི་བདེའི་ཆེད་ཐུགས་སྨོན་གནང་ཡོད་པ་བཅས།།