༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཐུན་མོང་གིས། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་མོན་གྷོ་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཁྱབ་ཁོངས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ལྟེ་གནས་ཁང་གི་འགན་འཛིན། འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པའམ་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས་གཉིས་ནས་ཟབ་སྦྱོང་མཐུན་སྦྱོར་གནང་ཡོད། ད་རེས་ཟབ་སྦྱོང་དུ་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་པའི་སློབ་ཁག་ལྔ་བཅུ་ནས་སློབ་སྤྱི་དང་དགེ་ཆེ་ ༥༦ དང་། གྲྭ་བཙུན་དྲུག་བཅས་ཁྱོན་མི་གྲངས་ ༦༢ ནས་མཉམ་ཞུགས་གནང་ཡོད།དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་བློ་གསལ་གླིང་གྲྭ་ཚང་གི་བླ་མ་གཞུང་ལས་པ་དགེ་བཤེས་ཆོས་འཕེལ་མཆོག་ནས་དབུ་འབྱེད་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོས་པའི་བཀའ་སློབ་ལམ་སྟོན་མང་དག་ཅིག་ཡོད་པ་ང་ཚོ་ཚང་མས་ལག་བསྟར་གནང་དགོས་གལ་ཆེ་བ་དང་། གནང་ཐུབ་པ་ཡང་མང་པོ་ཡོད། དེའི་ནང་ནས་གཅིག་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་དང་། དེ་ལག་ལེན་དུ་འཁེལ་བར་༸གོང་ས་མཆོག་གིས་ཐབས་ལམ་ཡང་བསྩལ་གནང་ཡོད། དེ་ནི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་གསར་གཏོད་གནང་བ་དེ་ཡིན་པ་དང་། དེའི་ཐོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་གི་དགོངས་གཞི་ལྟར་སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བསླབ་གཞི་རྩོམ་སྒྲིག་དང་གཏན་འབེབས་གནང་ཡོད་པ་དེ་ཉིད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་བྱེད་རྒྱུའི་བསླབ་གཞི་ཆ་ཚང་བ་ཞིག་ཆགས་ཀྱི་ཡོད་སྟབས། སློབ་སྤྱི་དང་དགེ་ཆེ་རྣམ་པ། དགེ་ལས་སློབ་ཕྲུག་ཡོངས་ཀྱི་ལུས་ངག་ཡིད་གསུམ་གྱི་བདེ་ཐབས་སླད་བསླབ་གཞི་འདི་ཉིད་ཁ་ཞེ་གཉིས་མེད་ཀྱི་ལག་བསྟར་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད།ཉིན་གྲངས་གསུམ་གྱི་ཟབ་སྦྱོང་དུ་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་། སོར་ཆུད་ནུས་རྩལ། སྙིང་རྗེ། རང་ལ་དམིགས་པའི་སྙིང་རྗེ། ཡིད་བྱེད་དང་རང་རྒྱུད་རང་ཤེས། སེམས་མྱོང་ལ་ཁ་ལོ་བསྒྱུར་བ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། མ་ལག་གི་བསམ་གཞིག་དང་། རྟེན་འབྲེལ། བཟང་སྤྱོད་ལྡན་པའི་ཆོས་རབ་ཏུ་རྣམ་འབྱེད། སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དང་སློབ་ཁྲིད་ཐབས་ལམ། སྒྲོམ་གཞི་བསྐྱར་སྦྱོང་དང་། ཡུན་ཐུབ་ནུས་རྩལ། སཱི་ཤེས་ཡོན་སློབ་གསོའི་ལག་བསྟར་བཅས་བརྗོད་གཞི་ཁག་བཅུ་གཉིས་ཀྱི་ཐོག་ཟབ་ཁྲིད་གནང་ཡོད། ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་མཇུག་བསྡོམས་མཛད་སྒོའི་ཐོག་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་ཟབ་སྦྱོང་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། ཟབ་སྦྱོང་བའི་སྐུ་ཚབ་སློབ་སྤྱི་འཆི་མེད་ལྷུན་འགྲུབ་ལགས་དང་། ཤེས་ཡོན་འབྲེལ་མཐུད་པ་ཤེས་རབ་སྒྲོལ་མ་ལགས། དགེ་ཆེ་རིག་འཛིན་ཟླ་བ་ལགས། སློབ་སྤྱི་བསྟན་འཛིན་ངག་སྒྲོན་ལགས་བཅས་ནས་དྷ་ས་བོད་ཁྱིམ་དང་། གངས་ཅན་བདེ་རྩ། མ་སུ་རི་བོད་ཁྱིམ། སཾབྷོ་ཊ་བོད་སློབ་ཚོགས་པ་བཅས་ཀྱི་ཚབ་ཞུས་ནས་མྱོང་ཚོར་གསུང་བཤད་གནང་ཡོད། སྐུ་མགྲོན་གཙོ་བོ་བློ་གསལ་གླིང་གྲྭ་ཚང་གི་བླ་མ་གཞུང་ལས་པ་དགེ་བཤེས་ཆོས་འཕེལ་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་དོན། ང་ཚོ་ཚང་མས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ཁག་མ་བསྒྲུབས་ན་སུས་སྒྲུབ་བསམ་པའི་ཀུན་སློང་དང་ལྷག་བསམ་དགོས་གལ་དང་། དེ་བཞིན་ང་ཚོ་ཚང་མས་ཕྱག་ལས་གང་ཐུབ་ཡག་པོ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་སྐུ་ཚབ་ཚོས་ཟབ་སྦྱོང་ཡག་པོ་བྱུང་སོང་གསུངས་པ་དེའི་རྒྱུ་མཚན་གཙོ་བོ་ནི་འདིར་ཕེབས་པ་ཚང་མ་ཁ་ཞེ་གཉིས་མེད་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་སྒྲུབ་མཁན་ཤ་སྟག་ཕེབས་ཡོད་པས་ཡིན། མཉམ་ཞུགས་པ་ཚང་མས་ཟབ་སྦྱོང་གི་ནང་དོན་རྣམས་ཟིན་བྲིས་གང་ལེགས་བསྐྱོན་ཡོད་པའི་རེ་བ་དང་། དེ་དག་ཡང་ཡང་ཀློག་ནས་བསམ་བློ་ཡང་ཡང་གཏོང་རྒྱུ་གལ་ཆེན་པོ་དང་། སློབ་ཕྲུག་ཚོ་ལའང་ཕན་སེམས་བྱེད་རྒྱུ་དང་ཀུན་སློང་གཙང་མ་འཁྱེར་དགོས་རྒྱུའི་ལམ་སྟོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
སྐུ་མགྲོན་གཙོ་བོ་མཆོག་ནས་མཐུན་སྦྱོར་བ་རྣམས་དང་མཉམ་ཞུགས་པ་རྣམས་ལ་རྟེན་འབྲེལ་མཚོན་བྱེད་མཇལ་དར་བསྒྲོན་རྗེས། སྒོམ་སྒྲུབ་དང་ཚན་རིག་ལྟེ་གནང་ཁང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་སྙན་གྲགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་ཟབ་སྦྱོང་མཇུག་བསྒྲིལ་ཡོད། ཐེངས་འདིའི་ཟབ་སྦྱོང་གི་དཔལ་འབྱོར་མཐུན་འགྱུར་གནང་མཁན་ཌེ་ནི་ཌ་རོགས་ཚོགས་ཡིན་པ་བཅས།