༄༅། །ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་ཉི་ཧོང་སྐུ་ཚབ་དོན་ཁང་དུ་ཉི་ཧོང་ནང་སློབ་སྦྱོང་དང་ལས་ཀ་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་ཁག་གཅིག་ལ་བོད་དོན་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཟབ་སྦྱོང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཉི་ཧོང་ནང་སློབ་སྦྱོང་དང་ལས་ཀ་བྱེད་བཞིན་བོད་པའི་སློབ་ཕྲུག་རྣམས་ལ་བོད་མིའི་བདེན་པའི་འཐབ་རྩོད་དང་ངོ་བོ་སྐོར་གོ་རྟོགས་སྤེལ་སླད་ཡིན།
དེ་ཡང་ཟབ་ཁྲིད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་སྐབས་བོད་ནང་གི་བོད་མིའི་མངོན་འདོད་དང་། དེ་བཞིན་བོད་དུ་རང་དབང་འཐོབ་ཐབས་སུ་སློབ་ཕྲུག་རྣམས་ལ་དམིགས་བསལ་གྱི་འགན་འཁུར་ཆེན་པོ་ཡོད་པའི་སྐོར་དྲན་གསོ་གནང་ཡོད། གཞན་ཡང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མང་གཙོའི་གལ་གནད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཡོངས་ལ་མང་གཙོ་གསོལ་རས་སྩལ་བ། བོད་མིའི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་དང་བོད་པའི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་མང་གཙོའི་ལམ་སྲོལ་བེད་སྤྱོད་ཚད་ལྡན་གཏོང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།ཕྱོགས་མཚུངས་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཁོང་གིས་བརྩམས་པའི་འབྲུག་གི་དུག་རླངས་ལ་ཁ་གཏད་ (Harnessing the Dragon) ཅེས་པའི་དཔེ་དེབ་གཞིར་བཞག་ཐོག་ཟབ་སྦྱོང་འགོ་འཛུགས་གནང་སྟེ་བོད་ཀྱི་ལོ་རྒྱུས་སྐོར་ངོ་སྤྲོད་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་སྐོར་འཁྱོག་བཤད་བྱས་ནས་དྲིལ་བསྒྲགས་སྤེལ་དང་སྤེལ་བཞིན་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་འབྲུག་གི་དུག་རླངས་ལ་ཁ་གཏད་ཅེས་པའི་དཔེ་དེབ་མཉམ་ཞུགས་པ་རེ་རེར་བགོ་འགྲེམས་གནང་ཡོད།
སློབ་ཕྲུག་རྣམས་ཀྱིས་སོ་སོ་རང་ཉིད་དང་སློབ་སྦྱོང་གི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་ཟབ་སྦྱོང་གོ་སྒྲིག་གནང་བ་དང་། བོད་མིའི་སྒྲིག་འཛུགས་ནས་ཉི་ཧོང་དུ་སློབ་སྦྱོང་དང་ལས་ཀའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་བཀྲ་ཤིས་གཡང་འཛོམས་ལགས་དང་ཚེ་ལྷ་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་དང་གཙོ་སྐྱོང་གནང་ཡོད་པ་བཅས།།