༄༅། །ཨོསྟྲེ་ལི་ཡཱའི་མངའ་སྡེ་ཝིག་ཊོ་རི་ཡའི་རྒྱལ་ས་མེལ་སྦོན་དུ་རྟེན་གཞི་བྱས་པའི་བོད་རྒྱ་མཐུན་ཚོགས་ (Chinese Tibetan Civil Exchange Promotion Association) དང་། རྒྱ་རིགས་མང་གཙོ་ལས་འགུལ་ཚོགས་པ། (Chinese Democracy Movement) རྒྱ་རིགས་མི་རབས་གསར་པའི་གཞོན་སྐྱེས་མང་གཙོ་ཚོགས་པ་ (Chinese New Youth for Democracy) བཅས་ཀྱི་ཚོགས་མི་དགུ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་རྒྱ་རིགས་སློབ་དཔོན་ཧྥིན་ཁྲུན་ཡི་ (Feng Chong Yi) ལགས་བཅས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༣ ཉིན་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་འབྲེལ་ཕྱི་ལོ་༡༩༩༢ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེ་དུས་ཀྱི་ཨོསྟྲེ་ལི་ཡཱའི་སྲིད་བློན་པོལ་ཀེ་ཊིན་(Paul Keating) མཆོག་མཇལ་འཕྲད་བྱུང་རྗེས་ཕྱི་ལོ་ ༡༩༩༣ ལོར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་པའི་སྐོར་དང་། བོད་མིའི་བདེན་པའི་ལས་འགུལ་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།གཞན་ཡང་ཁོང་གིས་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙོ་བོ་ཁོངས་ནས་གཅིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་རྒྱ་གཉིས་ཀྱི་བར་གྲོགས་པོའི་འདུ་ཤེས་གོང་མཐོར་གཏོང་ཐབས་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་རིགས་རྣམས་ལ་གོ་རྟོགས་སྤེལ་དགོས་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། ཁོང་རྣམ་པས་བོད་དོན་སླད་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་ཁེ་བྷེ་ར་(Canberra) ནང་ཡོད་པའི་ཧ་ཡ་ཊི་གསོལ་མགྲོན་ཁང་(Hyatt hotel) དུ་བོད་རྒྱ་མཐུན་ཚོགས་(Chinese Tibetan Civil Exchange Promotion Association) ཀྱི་ཐེངས་བཅུ་གཅིག་པའི་གཟེངས་རྟགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། གཟེངས་རྟགས་ཀྱི་མཛད་སྒོར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས། ཁེ་བྷེ་ར་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་དང་ཚོགས་གཞོན་བསྟན་འཛིན་སྒྲོལ་མ་ལགས་ཕེབས་ཡོད།
ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་བོད་རྒྱ་མཐུན་ཚོགས་(Chinese Tibetan Civil Exchange Promotion Association) ཀྱིས་བོད་རྒྱའི་བར་མཛའ་གྲོགས་ཀྱི་འདུ་ཤེས་གོང་མཐོར་གཏོང་མཁན་གྱི་མི་སྒེར་པ་དང་ཚོགས་པ་སོགས་ལ་ཆེ་བསྟོད་གཟེངས་རྟགས་གནང་གི་ཡོད། བོད་རྒྱ་མཐུན་ཚོགས་ (Chinese Tibetan Civil Exchange Promotion Association) ཀྱིས་ཚོགས་པའི་གཟེངས་རྟགས་ཐེངས་བཅུ་གཅིག་པ་དེ་བཞིན་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཟླ་སྒྲོན་ལགས་ལ་གནང་ཡོད་པ་བཅས།།