༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༩ ནས་ ༢༤ བར་རྒྱ་གར་གྱི་མཧཱ་རཱཥཊྲ་མངའ་སྡེའི་(Maharashtra) པན་ཇི་གྷ་ནི་(Panchgani) གྲོང་སྡེའི་ནང་རྟེན་གཞི་བྱས་པའི་འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་(Initiatives of Change) དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་ཁྲིམས་ཞིབ་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཡན་ལག་ལས་ཁུངས་བཅས་ཀྱི་ལས་བྱེད་གྲངས་ ༢༤ ལ་འགོ་ཁྲིད་ཟབ་སྦྱོང་(Heart of Effective Leadership) གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ སྟེང་འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་ (Initiatives of Change) གི་ཨོསྟྲེ་ལི་ཡཱ་ཚོགས་ཁང་དུ་འགོ་ཁྲིད་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། དབུ་འབྱེད་མཛད་སྒོར་འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་གི་ལས་གཞིའི་འགན་འཛིན་ཨ་ནུབ་(Anup) ལགས་ཀྱིས་མཉམ་ཞུགས་པ་རྣམས་ཕེབས་བསུའི་གསུང་བཤད་གནང་བ་དང་འབྲེལ་འགོ་ཁྲིད་ཟབ་སྦྱོང་སྐོར་ངོ་སྤྲོད་གནང་ཡོད།དེ་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་། མཉམ་ཞུགས་པ་ཡོངས་ནས་བཟང་སྤྱོད་དང་ལྷན་པའི་འགོ་ཁྲིད་གནང་དགོས་པ་མ་ཟད། བོད་དོན་སླད་དུ་འགན་འཁུར་མང་ཙམ་གནང་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་མཉམ་ཞུགས་པ་རྣམས་ཕྱིར་རང་གནས་སུ་ལོག་ཕེབས་རྗེས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་ཡོན་ཏན་རྣམས་ལས་རོགས་ཚོ་དང་ལྷན་དུ་སྤེལ་རེས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས། འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་གི་ངེས་སྟོན་པ་སིདྡཱར་ཐི་(Siddharth) ལགས་ཀྱིས་འཛམ་གླིང་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་སླད་ཁོང་རང་ཉིད་ནས་འགན་འཁུར་ཇི་ལྟར་གནང་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པ་བཅས།།