༠༨།༧།༩
ཀིརྟི་དགོན་པའི་དགེ་བཤེས་ཤིག་འདས་གྲོངས་སོང་བ། ཕྱི་ཟླ་ ༧ ཚེས་ ༦ ཉིན་ཨ་མདོ་རྔ་བ་རྫོང་ཀིརྟི་དགོན་གྱི་དགུང་ལོ་ ༧༠ ཙམ་དུ་ཕེབས་པའི་དགེ་བཤེས་འཇམ་དཔལ་རྒྱ་མཚོ་ལགས་ཁྲག་རླུང་གི་ནད་གཞི་རྐྱེན་པས་འདས་གྲོངས་སོང་འདུག གནས་ཚུལ་དེའི་བྱུང་རྐྱེན་གཙོ་བོ་ནི། རྒྱ་གཞུང་འབྲེལ་ཡོད་ཚན་པས་ཀིརྟི་དགོན་དུ་གང་བྱུང་སྔོག་བཤེར་དང་སྦྲགས་དགེ་འདུན་པ་ཚོར་བསུན་གཙེར་ཇི་ཆེ་བཟོས་དང་བཟོ་བཞིན་པར་བརྟེན། དགེ་འདུན་པ་ཕལ་ཆེ་བ་བར་སྐབས་ཤིག་ནས་དགོན་པར་གནས་མ་ཐུབ་པར་རང་རང་སོ་སོའི་ཁྱིམ་དུ་ཕྱིར་ལོག་མ་བྱས་ཀ་མེད་བྱུང་སྟེ། དགོན་པར་དགེ་འདུན་པ་རྒན་གྲས་ལས་ལྷག་མེད་པ་ཚོར་ཡང་བཟོད་དཀའི་སེམས་ནད་བྱུང་ཡོད། རྒྱ་གཞུང་འབྲེལ་ཡོད་ཚན་པས་ཟླ་༧ ཚེས་༥ ནང་ཚུད་གྲྭ་པ་རྣམས་དགོན་པར་ངེས་འབྱོར་དགོས་པའི་བཀའ་བཏང་ཡོད་པ་ལྟར་མ་བྱུང་ཚེ་ས་གནས་སོ་སོར་དམག་མི་བཏང་སྟེ་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད། དེ་ལྟའི་གནས་སྟངས་རྐྱེན་གྱིས་དགེ་བཤེས་འཇམ་དཔལ་རྒྱ་མཚོའི་ཁྲག་རླུང་གི་ནད་གཞི་ཇེ་སྡུག་ཏུ་སོང་སྟེ་འདས་གྲོངས་སོང་བ་ཞིག་རེད་འདུག (མཆན༔འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༢ སླེབས།)
༸སྐུའི་འཁྲུངས་སྐར་ཉིན་ཁམས་ལི་ཐང་དང་ཉེ་འཁོར་རྫོང་ཁག་གི་མི་མང་རྣམས་ཀྱི་འགྲོ་སྐྱོད་བཀག་འགོག་བྱས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ཉིན་ཏེ་ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་ཕྱི་དྲོར་ཁམས་ལི་ཐང་རྫོང་ཕྱོགས་སུ་རྒྱ་གཞུང་གིས་དམག་མི་མང་དུ་བཏང་སྟེ་དེའི་དགོང་མོ་ཆུ་ཚོད་ ༨།༠༠ པ་ནས་བཟུང་ཉིན་གསུམ་རིང་མི་མང་རྣམས་ནས་ཁྲོམ་གཞུང་དང་ས་གནས་གཞན་དུ་བསྐྱོད་མི་ཆོག་པར་རང་སར་སྡོད་དགོས་པ་ལས། གང་བྱུང་ཕྱི་ལོགས་སུ་ཐོན་ཚེ་མེ་མདའ་རྒྱག་རྒྱུ་ཡིན་སྐོར་འཇིགས་སྐུལ་བྱས་ཏེ་དམིགས་བསལ་དམ་དྲག་བྱས་ཡོད་འདུག ཉེ་འཁོར་གྱི་ཉག་ཆུ་དང་། འབའ་བ། ཉག་རོང་བཅས་རྫོང་ཁག་གི་མི་མང་ཡང་ཉིན་ཤས་རིང་ལི་ཐང་ཕྱོགས་སུ་འགྲོ་མི་ཆོག་པའི་དམ་དྲག་བྱས་འདུག་ལ། ལོ་ལྟར་འཚོག་སྲོལ་ཡོད་པའི་དབྱར་སྐྱིད་རྟ་རྒྱུགས་དུས་སྟོན་ཡང་འདི་ལོ་འཚོག་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག ས་གནས་སུ་དམག་མི་ཁྱོན་ཆེ་བཀྲམས་ཡོད་པ་རྣམས་མངོན་གསལ་མི་ཡོང་བའི་ཆེད་དམག་མི་ཁག་ཅིག་ལ་བོད་ཆས་གཡོགས་ཡོད་འདུག
སློབ་གསོའི་ལས་འགུལ་རྐྱེན་གྱིས་ཀིརྟི་གདོང་རི་དགོན་གྱི་གྲྭ་ཞིག་རང་སྲོག་བཅད་པ། ཕྱི་ཟླ་ ༧ ཚེས་ ༣ ཉིན་ཨ་མདོ་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན་པའི་ཀིརྟི་གདོང་རི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་རང་ལོ་ ༡༦ ཙམ་དུ་སོན་པ། ཕ་མིང་ལ་དཔལ་ཁོ་ཞུ་བ་ཞིག་ནས་རང་སྲོག་གཅོད་དགོས་བྱུང་འདུག དེ་ཡང་ཁོ་པའི་གཅེན་པོས་འགྲེལ་བརྗོད་བྱས་པ་ལྟར། ཁོ་པ་མ་གྲོངས་གོང་དུ་དགོན་པ་ནས་རང་ཁྱིམ་དུ་སླེབས་ནས་ཁོ་པའི་གཅེན་པོར་ ” ཡང་བསྐྱར་དགོན་པའི་ནང་ལ་ལས་དོན་རུ་ཁག་ཐོན་འདུག་པས་གྲྭ་བ་རྣམས་འཚོགས་ཟེར་གྱི་འདུག ད་ཡང་སྡོད་བཅུག་མ་སོང་ ” ཞེས་བཤད་དེ་རང་ཉིད་ཀྱི་ཉལ་ཁང་ནས་ཐོན་འདུག སྐར་མ་ ༡༥ ཙམ་སོང་རྗེས་གཅེན་པོས་ཁོ་པ་གར་སོང་བལྟས་པར་གྲྭ་བློ་བཟང་ཚུལ་ཁྲིམས་ཁྱིམ་གྱི་ཉེ་འགྲམ་འབུད་ཤིང་འཇོག་ཁང་དུ་སྐེར་ཐག་པ་དཔྱངས་ཏེ་རང་སྲོག་བཅད་ཡོད་པ་རྙེད་འདུག (མཆན༔འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༣ སླེབས།)
རྒྱ་ནག་གཞུང་གིས་ཆོལ་གསུམ་དགོན་སྡེ་ཁག་གི་དགེ་འདུན་པ་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཞེས་པའི་མིང་ཐོག་ནས་མི་འདོད་བཞིན་དུ་༸ཀགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་སོགས་ཀྱི་ལས་འགུལ་ཅི་རིགས་སྤེལ་གྱི་ཡོད་པ་དེར་དགེ་འདུན་པ་ཚོས་གདོང་གཏུགས་ཀྱིས་འཐབ་རྩོད་ལན་མང་བྱས་དང་བྱེད་བཞིན་ཡོད་ལ། བཙན་ཤུགས་དང་དྲག་གནོན་ཟུང་དུ་སྦྲེལ་བའི་སློབ་གསོའི་ལས་འགུལ་རྐྱེན་པས་དགེ་འདུན་པ་འགའ་རེས་རང་སྲོག་གཅོད་དགོས་ཀྱང་འབྱུང་བཞིན་ཡོད།
འགྲུལ་བཞུད་བྱེད་མཁན་ཚོའི་བཅའ་དངོས་བཙན་འཕྲོག་བྱེད་བཞིན་པ། ཕྱི་ཟླ་ ༧ པའི་ནང་ཁམས་དཀར་མཛེས་རྫོང་ཁོངས་སྟོང་འཁོར་ས་གནས་སུ་དམག་མི་གཏན་སྡོད་བྱས་ཏེ་བོད་མི་ལམ་འགྲུལ་བ་རེ་རེ་བཞིན་ལག་འཁྱེར་སོགས་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། ཞིབ་བཤེར་བྱེད་སྐབས་བཅའ་དངོས་གང་བྱུང་བཙན་འཕྲོག་བྱེད་པ་དང་། བཅའ་དངོས་རྩིས་སྤྲོད་མ་བྱས་ཚེ་ནག་ཉེས་མེད་ཀྱང་བཀག་ཉར་བྱེད་རྒྱུའི་སྐོར་བརྗོད་པ་སོགས་རྩབ་སྤྱོད་ཀྱི་བྱ་ཐབས་ལག་བསྟར་བྱེད་བཞིན་ཡོད་འདུག