༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གིས་ཨ་རིའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་(ThermoFisher Scientific) གི་སྤྱི་ཁྱབ་འགན་འཛིན་མེག་ཁེ་སི་པར་(Marc Casper) ལགས་ལ་འདྲི་རྩད་ཡི་གེ་ཞིག་ཕུལ་གནང་ཡོད།
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེག་ལེ་(Jeffrey A. Merkley) མཆོག་དང་ཟུང་འབྲེལ་ཚོགས་གཙོ་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio) མཆོག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་སི་མི་ཐི་ Christopher H. Smith མཆོག་བཅས་ནས་མཚན་རྟགས་བཀོད་དེ་ཨ་རིའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་པར་རིགས་རྫས་ (DNA) བསྡུ་རུབ་དང་འབྲེལ་བའི་ཡོ་ཆས་ཚོང་སྒྱུར་བྱས་ཡོད་མེད་དང་། གལ་ཏེ་ཚོང་སྒྱུར་བྱས་ཡོད་ཚེ་མཚམས་འཇོག་དགོས་པའི་འདྲི་རྩད་ཡི་གེ་ཞིག་ཕུལ་གནང་ཡོད་པ་དང་། འདྲི་རྩད་ཡི་གེ་དེའི་ནང་ཁོང་རྣམ་པས། ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་རྟེན་གཞི་བྱས་པའི་ཚན་རིག་བརྟག་དཔྱད་ཁང༌(Citizen Lab) གིས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༡༣ ཉིན་སྙན་ཐོ་བཏོན་པའི་ནང་ཕྱི་ལོ་ ༢༠༡༦ ཟླ་ ༠༦ ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༨ བར་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་མི་འབོར་ས་ཡ་གཅིག་དང་ཁྲི་གཉིས་ཙམ་གྱི་རིགས་རྫས་བསྡུ་རུབ་བྱས་ཡོད་པ་འཁོད་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༠༥ ཉིན་སྙན་ཐོ་བཏོན་པའི་ནང་ (Human Rights Watch) རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་ཁག་བདུན་དུ་བོད་མི་ཚོའི་རིགས་རྫས་ (DNA) བསྡུ་རུབ་བྱས་ཡོད་པ་འཁོད་ཡོད་པ་བཅས་ཀྱི་སྙན་ཐོ་གཞིར་བཞག་ཐོག་ཨ་རིའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་ལ་འདྲི་རྩད་ཡི་གེ་ཕུལ་གནང་ཡོད་པ་བཅས།།