༄༅། །རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sangh) དང་ཇམ་མུ་གཙུག་ལག་སློབ་གཉེར་ཁང་གི་ནང་བསྟན་སློབ་གླིང་ཐུན་མོང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༧ ནས་ ༡༨ བར་ཉིན་གྲངས་གཉིས་རིང་ཇམ་མུ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དང་བགྲོ་གླེང་ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ལས་དོན་ཚོགས་ཆུང་གི་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དང་བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཡོད།
ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དང་བགྲོ་གླེང་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཟུར་པ་སྐུ་ཞབས་ནི་ལེནྡྲ་ཀུ་མཱར་ ( Nilendra Kumar) ལགས་དང་། བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་སོ་རབ་སཱ་རཱས་བྷཏ་ (Saurabh Saraswat) ལགས། ཇམ་མུ་གཙུག་ལག་སློབ་གཉེར་ཁང་གི་ནང་བསྟན་སློབ་གླིང་གི་སློབ་དཔོན་སྐུ་ཞབས་རཱ་ཇེཤ་ཤརྨ་ (Rajesh Sharma) ལགས། དེ་བཞིན་ཧི་མཱ་ཅལ་དང་། གུཇ་རཱཏ། ཧ་རི་ཡཱ་ཎཱ། ཇམ་མུ་དང་ཀཤ་མཱིར། ལ་དྭགས། པན་ཇཱབ། ཅན་ཌཱི་གར། རཱཇསྠན། འབྲས་ལྗོངས། ཨུཏྟརཱ་ཁནྜ་བཅས་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bharat Tibet Sangh) ཚོགས་མི་རྣམ་པ། གཞན་ཡང་རྒྱ་གར་གྱི་གསར་ཁང་གྲངས་ཉི་ཤུ་ལྷག་གི་གསར་འགོད་པ་སོགས་ཕེབས་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དང་བགྲོ་གླེང་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་སྐབས་གཙོ་བོ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་འཁྱོག་བཤད་བྱས་དང་བྱེད་བཞིན་པའི་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད་སྐོར་གསུངས་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་སུ་རིགས་རྫས་ (DNA) ཞེས་པའི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པ་དང་། བོད་ནང་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབ་སྟེ་བོད་ཀྱི་གཙང་པོ་ཆེ་ཁག་རྣམས་ཀྱི་ཁ་ཕྱོགས་སྒྱུར་བཞིན་པ་ལ་བརྟེན་ནས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེམས་ཐབས་སུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཞུ་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་རྗེས་རྒྱ་གར་གྱི་གསར་ཁང་གྲངས་ཉི་ཤུ་ལྷག་གི་གསར་འགོད་པ་རྣམས་ཀྱི་བཅར་འདྲི་ལ་དང་ལེན་དང་། ཇམ་མུ་གཙུག་ལག་སློབ་གཉེར་ཁང་གི་ལ་དྭགས་པའི་སློབ་ཕྲུག་རྣམས་དང་ལྷན་དུ་གླེང་མོལ་གནང་ཡོད་པ་བཅས།།