༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༧ ནས་ ༣༡ བར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་དང་། བྷེ་རམ་པུར། ཀ་ཌག རཱན་ཅཱི། ཝཱ་རཱ་ཎ་སཱི། གནས་མཆོག་རྡོ་རྗེ་གདན་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༧ ཉིན་དགོང་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་ལྡི་ལི་ནས་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུབ་ནེཤྭར་ (Bhubaneswar) ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༢༠ སྔ་དྲོའི་བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༠ ཉིན་རྒྱབ་ནས་ཚེས་ ༢༢ བར་བྷེ་རམ་པུར་དང་། ཀ་ཌག རཱན་ཅཱི་བཅས་ཀྱི་བོད་མིའི་སུད་ཚོང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༤ ནས་ ༢༦ བར་ཝཱ་རཱ་ཎ་སཱི་ཁུལ་ལ་ལས་རིམ། ཕྱི་ཚེས་ ༢༧ ནས་ ༢༩ བར་གནས་མཆོག་རྡོ་རྗེ་གདན་དུ་ལས་རིམ། ཕྱི་ཚེས་ ༣༠ ཉིན་གནས་མཆོག་རྡོ་རྗེ་གདན་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༣༡ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །