༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༤ སྔ་དྲོ་ཚོུད་ ༡༠ པའི་ཐོག་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཙོས་པའི་དྲུང་ཆེ་དང་། ལྟ་གྲུབ་དགེ་རྒན། འཛིན་སྐྱོང་ལས་བྱེད་བཅས་ཐེ་དཔེ་ཤིན་ལྡན་རྫོང་ཁོངས་སུ་ཡོད་པའི་ཐའེ་ཝན་ཚི་ཅི་སྙིང་རྗེ་བདེ་རྩའི་སློབ་དཔོན་ཆེན་མོ་དགེ་སློང་མ་ཀྲན་ཡན་ (Cheng Yen) མཆོག་དང་། བདེ་རྩའི་སྤྱི་ཁྱབ་འགན་འཛིན་གཞོན་པ་སྐུ་ཞབས་ (Simon Shyong) ལགས་དང་མཇལ་མོལ་ཞུས་ཡོད་ཅིང། སྐབས་དེར་སློབ་དཔོན་ཆེན་མོ་ཀྲན་ཡན་མཆོག་གིས་ནང་པའི་དགེ་སློང་དང་དགེ་སློང་མ་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་བཞིན་ཡོད་ཅིང་། བདེ་རྩའི་འགན་འཛིན་གཞོན་པས་ཚོགས་ཁང་རང་དུ་གདན་ཞུས་ཀྱིས་ཚང་མར་ངོ་སྤྲོད་ཞུས་པ་དང་། སྐུ་ཚབ་དོན་གཅོད་དང་ལྟ་གྲུབ་དགེ་རྒན་གཉིས་ལའང་འཚམས་འདྲིའི་གསུང་བཤད་གནང་བཅུག་ཡོད།
དེ་ནས་སློབ་དཔོན་ཆེན་མོ་ཀྲན་ཡན་མཆོག་གིས་སྐར་མ་ ༤༥ ཙམ་རིང་བྱམས་དང་སྙིང་རྗེ་ངོ་སྤྲོད་དང་སྦྲགས་ཚེ་ཅི་སྙིང་རྗེ་བདེ་རྩ་ནས་རྒྱལ་སྤྱིའི་ནང་བྱམས་སྙིང་རྗེ་དང་འབྲེལ་བའི་ལས་དོན་ཇི་གནང་ངོ་སྤྲོད་གནང་རྗེས། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐའེ་ཝན་དོན་གཅོད་ལས་ཁུངས་ནས་པར་སྐྲུན་འགྲེམས་སྤེལ་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་པར་རིས་བརྙན་དེབ་གཅིག་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ལོ་ངོ་ ༢༠ འཁོར་བའི་དྲན་རྟེན་དེབ་བཅས་ཕྱག་དེབ་གྲངས་གཉིས་ཞུས་པ་དང་། ཕྱག་དེབ་ནང་ཕྱི་ལོ་ ༢༠༠༡ ལོར་༧གོང་ས་མཆོག་ཐའེ་ཝན་དུ་ཆིབས་བསྒྱུར་སྐབས་ཚེ་ཅི་སློབ་དཔོན་ཆེན་མོ་དང་མཇལ་འཕྲད་བྱུང་བའི་སྐུ་པར་འགྲེལ་བརྗོད་ཞུས་སྐབས། སློབ་དཔོན་ཆེན་མོ་ནས་༧མགོན་པོ་གང་ཉིད་མཆོག་སྐུ་གཟུགས་གང་འདྲ་ཡོད་མེད་བཀའ་འདྲི་གནང་བ་དང་ཆབས་ཅིག་༧གོང་མཆོག་ལ་འཚམས་འདྲི་ཞུ་གནང་ཡོང་བ་ཞུས་པ་དང་ལྷན་དྲན་རྟེན་གྱི་སྐུ་པར་མཉམ་སྒྲོན་ཞུས།
དེ་ནས་ཚེ་ཅིསྙིང་རྗེ་བདེ་རྩའི་སྤྱི་ཁྱབ་འགན་འཛིན་གཞོན་པས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལས་བྱེད་རྣམས་སྐུ་མགྲོན་སྣེ་ལེན་ཁང་དུ་གདན་ཞུས་ཀྱིས་གསོལ་ཇ་འདེགས་འབུལ་ཞུས་རྗེས་ཚེ་ཅི་སྙིང་རྗེ་བདེ་རྩའི་ངོས་ནས་ད་བར་བཙན་བྱོལ་བོད་མི་ཐེ་བའི་རྒྱ་གར་དང་བལ་ཡུལ་ཕྱོགས་ལ་རོགས་རམ་ཇི་གནང་དང་། མ་འོངས་ལས་འཆར་བཅས་ངོ་སྤྲོད་ཞུས་པ་དང་། སྐུ་ཚབ་དོན་གཅོད་ཀྱིས་ཚེ་ཅི་སྙིང་རྗེ་བདེ་རྩ་ནས་གཏོང་ཕོད་ཆེན་པོའི་རོགས་རམ་རྒྱ་གང་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཕྱོགས་ཕན་ཚུན་བར་མཉམ་ལས་དང་། ཕན་ཚུན་གཅིག་ཕན་གཅིག་གྲོགས། དོན་ཁང་གི་ལས་འཆར་ཁག་ལ་ཕྱར་གྲུ་མཉམ་འདེགས་གནང་སྐྱོང་ཡོང་བ་ཞུས་པར་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་གནང་།
ཚེ་ཅི་སྙིང་རྗེ་བདེ་རྩ་ནི་རྒྱལ་ཁབ་ ༦༨ ནང་ཡན་ལག་ཡོད་པའི་ནང་པའི་བདེ་རྩ་ཁང་ཆེ་ཤོས་ཤིག་ཡིན་ཞིང་། མ་འོངས་ལས་གཞིའི་ནང་དུ་གཙོ་བོ་རྒྱ་གར་དང་བལ་ཡུལ། ཨ་ཕེ་རི་ཀ་སོགས་ལ་རོགས་རམ་དེ་བས་རྒྱ་ཆེ་བ་གནང་ཐུབ་རྒྱུའི་ཁ་ཕྱོགས་ཟིན་འདུག་པ་དང་། ཐའེ་ཝན་དུ་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་བདེ་རྩ་ཁང་ཞིག་ཡིན་པ་བཅས། །