༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བཙན་བྱོལ་ནང་བོད་མི་བརྡ་འཕྲིན་འཕྲུལ་ལས་ཐོག་ཕྱག་ལས་གནང་མཁན་ཆེད་ལས་པ་མང་དག་ཅིག་ཡོད་པ་ཕན་ཚུན་ལས་དོན་རྒྱུས་ལོན་དང་། འབྲེལ་ལམ་བཟོ་རྒྱུ། ནུས་པ་མཉམ་སྤུངས་ཀྱིས་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཐབས་སོགས་དང་འབྲེལ་བའི་གོ་བསྡུར་སྦྱངས་བཤད་གནང་རྒྱུར་ཕྱི་དྲིལ་ཀམ་པུ་ཊར་ཚན་པ་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་ཟུང་འབྲེལ་ཐོག་བཙན་བྱོལ་ནང་གི་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པ་ (IT Professional) རྣམ་པའི་ཚོགས་འདུ་ཞིག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་འདུ་སྐོང་གནང་རྒྱུ་ཡིན་ན། ཚོགས་འདུར་མཉམ་ཞུགས་གནང་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༩ འགྱངས་མེད་གཤམ་འཁོད་སྦྲེལ་ཐག་བརྒྱུད་ཐོ་འགོད་གནང་དགོས། ཤེས་ཚད་ཆ་རྐྱེན་ཉུང་མཐར་བརྡ་འཕྲིན་འཕྲུལ་ལས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BCA, BTech, BSc Computer Science, DOEACC ‘O’ level) སློབ་ཐོན་ཡིན་དགོས་པ་དང་། ཚོགས་བཅར་བ་རྣམས་ཀྱི་ལམ་གྲོན་དང་བཞུགས་གནས་སོགས་ཚོགས་འདུ་གོ་སྒྲིག་པས་མཐུན་འགྱུར་ཞུ་རྒྱུ་ཡིན། ཚོགས་འདུ་དང་འབྲེལ་བའི་དོགས་འདྲི་ཡོད་ཚེ་གཤམ་འཁོད་གློག་འཕྲིན་བརྒྱུད་འབྲེལ་བ་གནང་སྐྱོང་ཡོང་བའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཀམ་པུ་ཊར་ཚན་པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༣ ལ།།
ཐོ་འགོད་སྦྲེལ་ཐག ། https://forms.gle/fgjzT3objbAefsAq7
གློག་འཕྲིན་ཁ་བྱང་། [email protected] [email protected]