༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༣ འཁོར་བའི་དུས་ཆེན་མཛད་སྒོ་དང་། ལོ་མཇུག་ཐུགས་རྗེ་ལེགས་གསོའི་དགོང་ཚིགས་རྒྱས་སྟོན་ཐའེ་པེ་ཧྥུ་ཧྭ་གསོལ་མགྲོན་ཁང་དུ་ཚོགས་ཡོད་པ་རེད། མཛད་རིམ་གཞིར་བཟུང་ཕྱི་ཟླ་ ༡༢ ཚེས ༡༠ དགོང་མོ་ཆུ་ཚོད་ ༦ པའི་ཐོག་ཕྱི་ནང་གི་སྐུ་མགྲོན་རྣམ་པ་རིམ་བཞིན་ཚོགས་ཁང་དུ་ཕེབས་མགོ་བཙུགས་པ་དང་། ཆུ་ཚོད་ ༦།༣༠ ཐོག་དོན་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་བོད་སྐད་དང་། དོན་ཁང་གི་དུས་དེབ་ཀུན་གསལ་འོད་སྣང་གི་རྩོམ་སྒྲིག་པ་ལྕམ་ལུའུ་ཧུའེ་ཇོན་ལགས་ནཀྱིས་རྒྱ་སྐད་ཐོག་གཙོ་སྐྱོང་འོག སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། བྱེས་ཀྱི་གདས་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། ཐའེ་ཝན་སྲིན་འཛིན་གྱི་སློབ་སྟོན་པ་སྐུ་ཞབས་ཡའོ་ཇཱ་ཝོན་ལགས། རིག་གཞུང་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ཞའོ་ཙུང་ཧུའང་ལགས། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཧུང་ཧྲིན་ཧན་ལགས། ཐའེ་ཝན་ཞིབ་གཅོད་ཁང་གི་ཞིབ་གཅོད་པ་རྣམ་པ། ཞོན་ཙང་གཙུག་ལག་སློབ་གཉེར་ཁང་གི་ཆོས་དང་རིག་གཞུང་སྡེ་ཚན་གྱི་འགན་འཛིན་མཁས་དབང་རྒྱ་བཙུན་མ་ཧྲི་ཀྲའོ་ཧུའེ་ལགས། ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་འཐུས་རྣམ་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་སོགས་གཙོ་སྐྱོང་པས་མཚན་འབོད་གཞིར་བཟུང་སྡིངས་ཆའི་ཐོག་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམས་ཚང་མ་སྡིངས་ཆའི་ཐོག་བང་སྒྲིག་སྟེ་དྲན་རྟེན་གྱི་སྐུ་པར་མཉམ་སྒྲོན་ཞུས།དེ་ནས་ཚང་མ་བཞུགས་གྲལ་དུ་འཁོད་མཚམས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་མཛད་སྒོའི་ཆེད་སྩལ་བའི་བཀའ་སློབ་བྱིན་ཅན་གྱི་བརྙན་ཐུང་གཟིགས་འབུལ་ཞུས་པ་དང་། དེ་རྗེས་སྐུ་ཚབ་དོན་གཅོད་ཀྱིས་སྐར་མ་བཅུའི་རིང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས་ཐའེ་ཝན་སྲིད་འཛིན་གྱི་སློབ་སྟོན་པ་ཡའོ་ཇཱ་ཝོན་ལགས་དང་། ཐའེ་ཝན་རིག་གཞུང་ལྷན་ཁང་གི་བློན་ཆེན་གཞོན་པ་ཞའོ་ཙུང་ཧུའང་ལགས་བཅས་ཀྱིས་གསུང་བཤད་གནང་མཐར་སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་བའི་རླབས་ཆེའི་དགོངས་པ་དང་འབད་བརྩོན་ཇི་གནང་ངོ་སྤྲོད་དང་འབྲེལ། ཁོང་གི་རྗེས་འཇུག་པ་ཡིན་པའི་ཆ་ནས་ལག་བསྟར་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་དང་། འཛམ་གླིང་ཞི་བདེ་ཡོང་བར་མི་འབོར་མང་ཤོས་རྒྱ་ནག་ལ་ཞི་བདེ་དགོས་པའི་གལ་གནད། ཐའེ་ཝན་མཚོ་ངོགས་གཉིས་དབར་ཕན་ཚུན་མཛའ་བརྩེ་དང་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་བཙུགས་ཏེ་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ཐའེ་ཝན་གཞུང་དང་མི་མང་། གཞུང་ཁོངས་མིན་པའི་ཚོགས་སྡེ། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ། མི་སྒེར་པ་བཅས་ཚང་མས་ད་བར་བོད་དང་བོད་མི་མང་ལ་རོགས་རམ་དང་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞེས་དང་། སླད་ཕྱིན་མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད། གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས་ཐའེ་ཝན་དུ་ཡོད་པའི་བོད་མི་དང་སློབ་ཕྲུག་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ་དང་། ཐའེ་ཝན་གྱི་གྲོགས་ཕོ་མོ་རྣམས་ཀྱང་སྡིངས་ཆའི་ཐོག་ཕེབས་ཏེ་སོ་སོའི་ཁྱད་ཆོས་ལྡན་པའི་མཉམ་གཞས་ཕུལ་ཏེ་ཚང་མས་དགའ་དད་སྤྲོ་གསུམ་གྱི་དགའ་བའི་རྣམ་པར་རོལ་ཡོད།
ཐེངས་འདིའི་མཛད་སྒོ་ཆེན་པོར་ཐའེ་ཝན་གཞུང་དང་། གཞུང་ཁོངས་མིན་པའི་ཚོགས་སྡེ། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས། ཕྱི་རྒྱལ་གཞུང་ཚབ་ཁག ཤེས་ཡོན་ཅན་གྱི་སྡེ་ཚན་སོགས་མི་གྲངས་ཉིས་བརྒྱ་ལྷག་འཛོམས་ཡོད་པ་དང་། མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༩ ལོར་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གལ་ཆེའི་བཀའ་སློབ་དང་། མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཅས་ཡོལ་དཀར་ཆེན་པོའི་ཐོག་གཟིགས་འབུལ་ཞུས་ཏེ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད།ཕྱོགས་མཚུངས་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་ཐའེ་སྡོད་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཐའེ་ཝན་སན་ཞྭ་རི་མགོའི་གཙང་པོའི་འགྲམ་དུ་ཐའེ་སྡོད་བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༣ འཁོར་བའི་དུས་ཆེན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། སྐུ་ཚབ་དོན་གཅོད་གདན་འདྲེན་ཞུས་ཏེ་གསུང་བཤད་གནང་ཡོད་པ་མ་ཟད། བོད་མི་བརྒྱ་ཙམ་ལྷན་འཛོམས་ཀྱིས་གཞས་དང་ཞབས་བྲོ། ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་དང་བོད་གཞས་བཏང་བཅུག་པ། རྩེད་རིགས་སྣ་ཚོགས་བཀོད་སྒྲིག་བྱེད་པ་སོགས་བོད་ཟས་ཕུན་སུམ་ཚོགས་པ་བཤམས་ཏེ་ཉིན་འཁྱོངས་དགའ་བའི་རྣམ་པར་རོལ་ཏེ་མཛད་སྒོ་དོན་སྙིང་ལྡན་པ་ཞིག་ཀྱང་ཚོགས་ཡོད་པ་བཅས། །