༄༅། །ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་འདི་ལོར་མི་ལོ་ཧྲིལ་པོ་སུམ་ཅུ་སོ་གསུམ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་དང་བསྟུན། ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་དུ་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༦ པ་དབུ་འཛུགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་ (Sujeet kumar) ལགས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས། སྡེ་དཔོན་གཞོན་པ་སྐུ་ཞབས་ཚེ་རིང་དབང་ཕྱུག་ལགས། རྒྱུན་ལས་སྐུ་ཞབས་གྷུ་ལམ་མེཧ་ནྡི་ཨ་ཤུར་ (Ghulam Mehdi Ashoor) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། དེ་བཞིན་རྡ་ས་ཁུལ་གྱི་རྒྱ་གར་བ་དང་བོད་མི་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་དང་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་འགྲེམས་སྟོན་ཞུས་པའི་ཡུལ་ལུང་སོ་སོའི་ཐོན་རྫས་དང་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་ཡོད།དེ་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཊ་ནེ་རི་ཡ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་མངའ་སྡེ་ཁག་བཅུ་ཙམ་ནས་རིག་གཞུང་འཁྲབ་སྟོན་གནང་ཡོད།
ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་དྲུག་དེ་བཞིན་ཕྱི་ཚེས་ ༡༠ ནས་ ༡༡ བར་ཉིན་གྲངས་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་པར་འཚོགས་ཀྱི་ཡོད་པ་བཅས།།