༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སུཁ་ཝིནྡར་སིངྒ་སུ་ཁུ་ (Sukhvinder Singh Sukhu ) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། རྒྱ་གར་ནི། ངོས་ཀྱི་ནང་ལྟ་བུ་ཆགས་ནས་ལོ་ངོ་ ༦༢ ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། ངོས་ཀྱིས་དུས་ཚོད་ཕལ་ཆེ་བ་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་རྡ་སར་བསྐྱལ་བའི་རིང་སྐྱིད་པོ་བྱུང་ལ། དེ་ལ་བརྟེན་ནས་ངོས་ཀྱིས་ནམ་རྒྱུན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ང་ཚོའི་སྤྱི་ཁྱབ་བློན་ཆེན་ཡིན་པ་ངོས་འཛིན་གྱི་ཡོད། འདས་པའི་ལོ་ངོ་ ༦༢ ལྷག་གི་རིང་ཧི་མཱ་ཅལ་མངའ་སྡེའི་མི་མང་ཡོངས་ནས་ངོས་དང་ངོས་ཀྱི་མི་མང་རྣམས་ལ་གྲོགས་པོའི་འདུ་ཤེས་བཟུང་སྟེ་སྣེ་ལེན་གང་ལེགས་གནང་དང་གནང་བཞིན་པར་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་ཡི་ཡོད།
ངོས་རང་ཕྱི་ལོ་ ༡༩༦༠ ཟླ ༠༥ ནང་ཐོག་མར་མེག་ལོ་གན་ཇིར་འབྱོར་བ་ནས་བཟུང་རྒྱ་གར་གྱི་མངའ་སྡེ་གཞན་ལྟར་རྡ་ས་འདི་ཡང་གང་ཅིའི་ཐད་ནས་ཧ་ཅང་ཡར་རྒྱས་ཕྱིན་འདུག ཧི་མཱ་ཅལ་མངའ་སྡེའི་མི་མང་སྤྱི་དང་། ལྷག་པར་སྤྱི་ཚོགས་ཁྲོད་མགོན་མེད་སྐྱབས་མེད་དུ་ལྷག་པའི་མི་མང་ཉམ་ཐག་རྣམས་མུ་མཐུད་ཡར་རྒྱས་སུ་འགྲོ་བར་ངོས་ལ་གདེང་ཚོད་ཡོད། སྐུ་ཉིད་ཀྱིས་ཧི་མཱ་ཅལ་མངའ་སྡེའི་མི་མང་གི་མངོན་འདོད་དང་རེ་བ་རྣམས་བསྐང་ཐུབ་པའི་སྨོན་ལམ་ཡོད། ཅེས་འཁོད་ཡོད་པ་བཅས།།