༢༠༡༡ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་(Osaka) ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད།
དེ་ཡང་༸གོང་ས་མཆོག་གིས་མ་ཡེ་ནི་ཤི་ཚོགས་ཁང་(Mainishi Arena)དུ་ཉི་ཧོང་གི་དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བ་དང། དེ་བཞིན་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ ༤༠༠ བརྒལ་བར་བཀའ་སློབ་སྩལ་དོན། ངོས་རང་ཉི་ཧོང་དུ་སླེབས་ཏེ་ཆོས་གྲོགས་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཞེས་བཀའ་སྩོལ་སྐབས་དད་ལྡན་མང་ཚོགས་རྣམས་ཀྱིས་དགའ་བསུའི་ཐལ་སྒྲ་བསྒྲགས་ཏེ་འཚམས་
འདྲི་ཞུས་ཡོད། ༸གོང་ས་མཆོག་གིས་ཉིན་དང་པོའི་མཛད་འཕྲིན་གྱི་ཐོག་མར་ཤེས་རབ་སྙིང་པོའི་ཆོས་འབྲེལ་སྩལ། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ད་ལྟའི་དུས་རབས་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་སེམས་ཀྱི་ཞི་བདེ་དགོས། སེམས་ཀྱི་ཞི་བདེ་ནི་བྱམས་བརྩེ་དང་གཞན་ཕན་གྱི་ཀུན་སློང་བརྒྱུད་སྐྲུན་ཐུབ། ངོས་ཀྱིས་སྐད་ཆ་ཤོད་སྐབས་མང་ཚོགས་རྣམས་ནས་དོ་སྣང་ཆེན་པོའི་ཐོག་ཉན་སྐབས་སྐད་ཆ་ཤོད་རྒྱུར་བློ་སྤོབས་འཕེལ་གྱི་འདུག ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་འཛམ་གླིང་འདིའི་ནང་ཕུགས་རྒྱང་རིང་པོའི་ཞི་བདེ་དང་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། དུས་རབས་ ༢༠ ནང་འཕྲུལ་ཆས་རིགས་ཧ་ལས་པའི་ཡར་རྒྱས་བྱུང་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན་དུས་རབས་དེའི་ནང་དམག་འཁྲུག་འོག་གཏོར་བཤིག་ཚབས་ཆེ་བྱུང་སྟེ་མི་གྲངས་ས་ཡ་ ༢༠༠ བརྒལ་བའི་ཚེ་སྲོག་ཤོར་ཡོད།
དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་གྷ་ས་ཀིའི་ཐོག་འབར་རྫས་དབྱུགས་པར་བརྟེན་ཉི་ཧོང་གི་མི་མང་ཚོས་ཀྱང་དེ་མཚུངས་དཀའ་སྡུག་མྱངས་ཡོད། དེར་བརྟེན་དུས་རབས་ ༢༠ མཇུག་ཏུ་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་དོ་སྣང་ཆེ་རུ་ཕྱིན་ཡོད། ཅེས་སོགས་བཀའ་སློབ་སྩལ་ཡོད། ཡང་༸གོང་ས་མཆོག་གིས་ཆོས་ཕྱོགས་ནས་སེམས་ནང་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཡོད་སྐོར་བཀའ་སློབ་སྩལ་དོན། འཛམ་གླིང་ནང་གི་ཆོས་ལུགས་ཚང་མར་ང་ཚོའི་སེམས་ནང་ཞི་བདེ་བསྐྲུན་རྒྱུའི་ནུས་པ་གཅིག་མཚུངས་སུ་ཡོད། ཆོས་ལུགས་ཚང་མས་བརྩེ་བ་དང། བྱམས་པ། བཟོད་བསྲན་གྱི་ནུས་པ་བརྒྱུད་མི་གཞན་ལ་ཕན་པ་བསྒྲུབ་རྒྱུའི་བྱ་གཅིག་མཚུངས་སྤྲོད་བཞིན་ཡོད། ང་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་བདག་གཅེས་དང་རྒྱུན་འཛིན་བྱེད་རྒྱུ་གལ་ཆེན་ཡིན་པ་དང་ཆབས་ཅིག་ཆོས་ལུགས་གཞན་ལ་གུས་བརྩི་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་ཆོས་ཀྱི་གོ་དོན་ཤེས་རྒྱུ་དེ་ཡང་དེ་མཚུངས་གལ་ཆེན་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
ཕྱོགས་མཚུངས་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་ཚོགས་ཁང་དེར་མང་ཚོགས་ལ་མི་ཚེའི་ནང་གི་དཀའ་ངལ་ལས་རྒྱལ་ཐབས་ཀྱི་ནུས་སྟོབས་(Strength to overcome life’s difficulties) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
གཞན་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་ཕྱི་དྲིལ་དྲ་བརྙན་ཚན་པར་༸གོང་ས་མཆོག་གིས་ཐེངས་འདིའི་ཆིབས་སྒྱུར་དང་འབྲེལ་བའི་སྐོར་གསུང་དོན། མགོན་པོ་གང་ཉིད་མཆོག་གིས་བཀའ་ཆོས་སྕོལ་སྐབས་དོ་སྣང་བྱེད་མཁན་ཁོངས་སུ་ཉི་ཧོང་མང་ཚོགས་ཀྱིས་གཙོས་གཞོན་སྐྱེས་དང་མཁས་དབང་ཡང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༨ དང་ ༢༩ ཉིན་ཉི་ཧོང་ནང་ས་ཡོམ་དང་ཆུ་ལོག་གི་གོད་ཆག་འོག་རྐྱེན་ངན་བྱུང་བ་རྣམས་ལ་ཐུགས་སྨོན་དང་སེམས་གསོའི་ཆེད་ཆིབས་སྒྱུར་བསྐྱངས་ཡོད། ཐེངས་འདིའི་ཆིབས་སྒྱུར་གྱིས་གོད་ཆག་ཕོག་པའི་མི་མང་རྣམས་ཀྱི་དཀའ་ངལ་གསོ་ཐབས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་བྱེད་བཞིན་ཡོད། ཉི་ཧོང་མི་མང་གིས་ཀྱང་༸གོང་ས་མཆོག་ཉི་ཧོང་དུ་ག་དུས་ཆིབས་སྒྱུར་བསྐྱངས་རུང་མགོན་པོ་གང་ཉིད་མཆོག་ལ་གུས་བརྩི་ཆེན་པོ་ཞུ་བཞིན་འདུག ཅེས་འགྲེལ་བརྗོད་གནང་ཡོད་པ་བཅས།།