༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༩ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་འགྲེམས་སྟོན་ཁང་དང་ཨི་ཊ་ལིའི་ (Aref International Onlus) ཞེས་པའི་ཚོགས་པ་ཟུང་སྦྲེལ་ཐོག་དྲན་པའི་གོ་ཡུལ་ཞེས་པའི་འགྲེམས་སྟོན་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག (Aref International Onlus) ཞེས་པའི་ཚོགས་པའི་ཚོགས་གཙོ་མེ་རི་ལི་ཡ་ (Marillia Bellaterra) ལགས་དང་ཚོགས་གཞོན་འབུམ་རམས་པ་ཕ་ཊི་ཀོ་ (Dr. Federico Petrozzi) ལགས། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། རྡ་ས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། རྡ་ས་ཁུལ་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ། རྡ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒན་རབས་ཁག་གཅིག་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འགྲེམས་སྟོན་དབུ་འབྱེད་ཀྱི་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་འགྲེམས་སྟོན་ལ་གཟིགས་སྐོར་དང་། དེ་རྗེས་ཚོགས་ཁང་དུ་ཚང་འཛོམས་ཀྱི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
མཛད་སྒོའི་ཐོག་མར་ (Aref International Onlus) ཚོགས་པའི་ཚོགས་གཙོ་མེ་རི་ལི་ཡ་ལགས་དང་། ཚོགས་གཞོན་ཕ་ཊི་ཀོ་ལགས་ཀྱིས་འགྲེམས་སྟོན་དེའི་ངོ་སྤྲོད་དང་བྱུང་རིམ་སོགས་འགྲེལ་བརྗོད་གནང་གྲུབ་བསྟུན་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འགྲེམས་སྟོན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཨི་ཊ་ལི་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་གནང་ཚོགས་པ་ཆེ་ཆུང་མང་པོ་ཡོད་པའི་ནང་ནས་ (Aref International Onlus) དེ་ཚོགས་པ་ཆུང་ཆུང་ཞིག་རེད། ཚོགས་པ་དེ་མོ་རང་སྒེར་དང་གྲོགས་པོ་འགའ་ཤས་ཀྱིས་བཙུགས་ཏེ་བོད་དོན་ལ་ག་ཚོད་ཐུབ་ཐུབ་ཀྱི་རོགས་པ་བྱེད་ཀྱི་ཡོད། དེའི་ནང་ནས་དེ་རིང་གི་ལས་གཞི་འདི་ལྟ་བུར་མཚོན་ན། དྲན་པའི་གོ་ཡུལ་ཞེས་མིང་བཏགས་པ་དེས་རང་བཞིན་གྱིས་གཞོན་སྐྱེས་དང་འབྲེལ་བ་ཆགས་ཀྱི་འདུག ངས་འབོད་སྐུལ་ཞུ་འདོད་པ་དེ་ཡང་དེ་རང་ཡིན། ང་ཚོ་ནམ་རྒྱུན་ལས་ཀ་བྱེད་མཁན་ཚོས་ཕྲུ་གུའི་སྐད་ཆར་མ་ཉན་པར་རྟག་པར་བཤད་སྡོད་ཀྱི་ཡོད། དེའི་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ལ་བསམ་བློ་གཏོང་དགོས། རྒན་རབས་པ་ཚོས་ལོ་རྒྱུས་གསུངས་པ་དེ་གལ་ཆེན་པོ་རེད། འོན་ཀྱང་དེའི་ཤུགས་རྐྱེན་དེ་གཞོན་པའི་སེམས་ལ་ཐེབས་ནས་སྤྱི་ཚོགས་ནང་འགན་འཁུར་རྒྱུའི་ལྷག་བསམ་ཞིག་སླེབས་དགོས། དེ་མ་ཡིན་པར་ལོ་རྒྱུས་གཅིག་པུ་སྐད་ཆ་དྲིས་ཏེ་ཉན་ན་སྒྲུང་རྫོགས་པ་རེད། བེད་སྤྱོད་གང་ཡང་མེད། བེད་སྤྱོད་ཡོང་དགོས་ན་ལོ་རྒྱུས་ངེས་པ་བྱས་ཏེ་སོ་སོའི་རྒྱུན་ལྡན་གྱི་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏོང་དགོས་པ་དང་། དེ་ཤེས་པའི་ཐོག་མི་རབས་རྗེས་མར་བརྒྱུད་སྤྲོད་ཇི་ལྟར་བྱ་དགོས་འདུག དེ་དག་བལྟ་རྒྱུ་གལ་ཆེན་པོ་རེད་ཅེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དང་ཨི་ཊ་ལི་བར་ལོ་རྒྱུས་ཀྱི་འབྲེལ་བ་ཐོག་མར་དུས་རབས་བཅུ་དྲུག་པའི་ནང་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་བོད་ནང་སླེབས་པ་ནས་འགོ་ཚུགས་ཚུལ་ངོ་སྤྲོད་དང་། ལོ་རྒྱུས་ཐོག་བོད་དང་ཕྱིའི་རྒྱལ་ཁབ་བར་འབྲེལ་བ་ཇི་བྱུང་གི་ལོ་རྒྱུས་ཀྱི་དྲན་པ་དེ་དེང་སྐབས་ཕྱི་འབྲེལ་ལས་དོན་ཐད་གལ་གནད་ཆགས་ཡོད་སྐོར། དེ་བཞིན་བོད་ཀྱི་རྩ་དོན་བསྒྲུབ་པར་བོད་ཀྱི་གནས་ཚུལ་ཤེས་རྟོགས་དགོས་གལ་ཆེ་བའི་སྐོར་གསུངས་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཁག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་ཆེད་མངགས་རྒས་གསོ་ཁང་དུ་ཕེབས་ཏེ་རྒན་རབས་རྣམས་མཇལ་ཏེ་རྒན་པ་རྣམས་ཀྱིས་བོད་ཀྱི་རྩ་དོན་དང་མི་རིགས་ཆེད་སྐུ་ངལ་སྐྱོན་པར་ཐུགས་རྗེ་ལེགས་འབུལ་ཞུ་གི་ཡོད་ཅེས་གསུངས་ཡོད། སྤྱིར་དྲན་པའི་གོ་ཡུལ་ཞེས་པའི་འགྲེམས་སྟོན་ནི་བོད་རང་བཙན་ཡོད་པའི་གནས་བབ་དངོས་སུ་མྱོང་མཁན་གྲས་རྡ་ས་བྱམས་པ་གླིང་རྒས་གསོ་ཁང་གི་མི་རབས་བགྲེས་པ་ཁག་གཅིག་ལ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་གྲངས་བཅུ་གཉིས་ནས་བོད་ནང་གི་འཚོ་བའི་གནས་སྟངས་དང་། བོད་དོན་འཐབ་རྩོད། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྐོར་བཅར་འདྲི་གནང་སྟེ་འདས་པའི་དྲན་པ་ལ་གོ་ཡུལ་གནང་བ་ཞིག་རེད་འདུག་པ་བཅས།།