༄༅། །ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་འདི་ལོར་མི་ལོ་ཧྲིལ་པོ་སུམ་ཅུ་སོ་གསུམ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་བཀུར་ཆེ་བསྟོད་དང་། བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་ཕུལ་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སྟོན་མཆོག་རྣམ་འདྲེན་བཞི་པས་ཉེ་བར་བསྟན་པའི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་ལམ་ལུགས་ཉམས་སུ་བཞེས་ཏེ་འཇིག་རྟེན་ཁྱོན་ཡོངས་སུ་འཚེ་མེད་ཞི་བའི་ལམ་སྟོན་མཛད་པོའི་འདྲེན་པ་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཏུ་བསྒྱུར་གནང་མཛད་དེ་འཛམ་གླིང་སྟེང་གི་རྙོག་འཛིང་མཐའ་དག་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་དང་ཉམས་བཞེས་གནང་མཁན་ཞིག་ཡིན་པས། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་བཞེས་ཀྱིས་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བ་དང་ཆབས་ཅིག བོད་དོན་ལ་རྒྱལ་སྤྱིའི་ནང་གོ་རྟོགས་དང་དོ་སྣང་ཇེ་ཆེར་འགྲོ་རྒྱུར་རླབས་ཆེན་གྱི་ཕན་ཐོགས་བྱུང་ཡོད། དེ་ནི་འཚེ་བ་མེད་པའི་ཐབས་བྱུས་ལ་ཡིད་ཆེས་སླེབས་པའི་སྐུལ་འདེད་དང་བོད་མིའི་བདེན་དོན་ངོས་འཛིན་གྱི་མཚོན་རྟགས་རྨད་དུ་བྱུང་བ་ཞིག་ཏུ་གྱུར་སྟབས། གཞིས་བྱེས་བོད་མི་ཚང་མས་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་འཚེ་མེད་ཞི་བའི་ལམ་ལ་ངེས་ཤེས་རྙེད་པའི་སྒོ་ནས་ཡིད་ཆེས་དང་དམ་བཅའ་བསྐྱར་ནན་ཞིག་འཇོག་ཐུབ་ཚེ་དུས་དྲན་འདི་སྲུང་བརྩི་ཞུ་གོ་ཆོད་ངེས་ཡིན།
འགྲོ་བ་མི་རྣམས་དཔལ་འབྱོར་མཁོ་སྒྲུབ་དང་། འཛུགས་སྐྲུན་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཐད་འགྲན་སེམས་ཀྱིས་ཁེངས་ཤིང་། གཅིག་གིས་གཅིག་ལ་ཕམ་ཉེས་གཏོང་བཞིན་པའི་ཆེས་སྙིགས་དུས་ཀྱི་སྐབས་འདིར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་འདིའི་ནང་ཞི་བདེ་བསྐྲུན་ཕྱིར། འཛམ་གླིང་ནང་གི་མི་ཡོད་དོ་ཅོག་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། དེའང་འཆམ་མཐུན་དང་ཞི་བདེར་གནས་པར་ཐོག་མར་རང་ཁྱིམ་དང་། རིམ་པས་སྤྱི་ཚོགས་དང་། རྒྱལ་ཁབ། འཛམ་གླིང་བཅས་སུ་ཁྱབ་སྤེལ་བྱ་དགོས་པའི་བཀའ་སློབ་ལུ་གུ་རྒྱུད་གནང་བཞིན་པར་འཛམ་གླིང་རྒྱལ་ཁབ་མང་པོས་༸གོང་ས་མཆོག་ལ་མི་སེར་གྱི་ཆེ་བསྟོད་དང་། གཟེངས་རྟགས། བྱ་དགའ་སོགས་བརྗོད་ཀྱིས་མི་ལང་བ་འབུལ་བཞེས་མཛད་གནང་ཡོད་པའི་ཐོག འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་དྷི་མན་ཌ་ལ་ཐེབས་རྩས་༸གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་། བྱམས་སྙིང་རྗེ་སོགས་ཀྱི་ཐོག་ལ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་བའི་ངོས་འཛིན་འོག་ཐེབས་རྩའི་འབྲེལ་ཡོད་རྣམས་དང་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ (Governor) སྐུ་ཞབས་རཱ་ཇེན་ཌཱ་ཨར་ལེ་ཀར་ (Rajendra Arlekar) མཆོག་བཅས་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་ཕེབས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་ཐོག་མ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་ཡོད། སྐབས་དེར་༸གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་སྙིང་རྗེའི་དགེ་ཕན་སྐོར་འཛམ་གླིང་མི་མང་སྤྱི་དང་ལྷག་པར་དུ་དེར་འདུས་མང་ཚོགས་རྣམས་ལ་བཀའ་སློབ་གསུང་གི་བདུད་རྩི་སྤྱིར་སྩལ་གནང་བ་མ་ཟད། དུས་རྒྱུན་ནས་སྐྱེ་འགྲོ་ཀུན་གྱི་བདེ་རྩར་དགོངས་ཏེ་རླབས་ཆེན་གྱི་མཛད་འཕྲིན་མུ་མཐུད་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།
ནོར་ཝེ་ཡུལ་གྱི་ཞི་བདེའི་གཟེངས་རྟགས་ཀྱི་དམིགས་ཡུལ་ནི། འཛམ་གླིང་ནང་དམག་གི་དཔུང་སྡེ་རྣམས་མེད་པར་བཟོས་ཏེ། རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་དང་ཞི་བདེ་བསྐྲུན་ཐབས་ཡིན་པ་དང་། དེར་ཕན་པའི་རླབས་ཆེན་གྱི་མཛད་རྗེས་ཅན་རྣམས་བརྒྱུད་གཞན་ལ་སེམས་འགུལ་ཐེབས་ཕྱིར་ཞི་བདེའི་གཟེངས་རྟགས་འབུལ་བཞིན་ཡོད་པ་ལྟར། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཡུ་རོབ་རྒྱལ་ཁབ་སྦེ་ལ་རཱུསི་ (Belarus) ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ཨཱ་ལེསི་སྦི་ཡཱ་ལི་ཡཱཊ་སཀི་ (Ales Bialiatski) ལགས་དང་། ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་དྲན་རྟེན་གྱི་ཚོགས་པ། (Russian human rights organisation memorial) ཡུཀ་རེན་སྤྱི་མང་རང་དབང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བསྟི་གནས་ (Ukrainian human rights organisation Center for Civil Liberties) བཅས་ལ་འབུལ་གཏན་འཁེལ་བ་ལྟར། ཁོང་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་པས་མང་གཙོ་དང་། རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་མི་རྣམས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དགའ་སྤྲོ་ལྡན་པའི་ངང་སྲུང་བརྩི་ཞུ་བཞིན་ཡོད་ནའང་། བོད་ནང་ད་དུང་རྒྱ་ནག་དམར་གཞུང་གིས་དམ་དྲག་ཚ་ནན་གྱིས་ཕྱི་མི་བོད་ནང་འགྲོ་འོང་མི་ཆོག་པའི་མུར། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་བོད་མི་ཚོར་དྲང་བདེན་མིན་པའི་ཁྲིམས་གཅོད་དང་། ནག་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་གཏོང་བ། སྡུག་སྦྱོང་མནར་གཅོད། རང་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དང་། ཆོས། རིག་གཞུང་བཅས་རྩ་མེད་གཏོར་བཤིག་སོགས་བཏང་དང་གཏོང་བཞིན་པར་འཛམ་གླིང་དབུ་ཁྲིད་རྣམས་ནས་རྒྱ་ནག་ལ་འགན་ཁུར་དགོས་པའི་བརྡ་ལན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
དུས་རབས་ཉེར་གཅིག་པ་འདིའི་ནང་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་ད་མུར་གནས་པ་ཙམ་དུ་མ་ཟད་རྒྱ་ནག་དམར་གཞུང་ནི་བོད་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་འགལ་རྐྱེན་ཆེ་ཤོས་དེ་ཡིན་པ་ནན་བརྗོད་བྱ་རྒྱུ་དང་། ཕྱོགས་མཚུངས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལ་བསྙད་དེ་ཟླ་ཤས་སྔོན་ནས་བཟུང་བོད་ནང་གི་བོད་མི་ཚོར་འགྲོ་འདུག་སྤྱོད་གསུམ་གང་ཅིའི་ཐད་དཀའ་ངལ་འཕར་མ་ཞིག་བཟོ་བཞིན་པར་རྒྱ་གཞུང་ནས་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་འདེད་བྱ་རྒྱུ་ཡིན།
ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚོགས་ཆེན་རྗེས་སུ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་མི་མང་དང་། ལྷག་པར་དུ་མཐོ་སློབ་ཁག་གི་སློབ་མ་དང་དགེ་རྒན་སོགས་དངོས་སུ་ཕྱིར་ཐོན་ནས་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱས་དང་བྱེད་མུས་མ་ཟད། ཁོང་ཚོའི་འབོད་ཚིག་གཙོ་བོ་ཁག་གཅིག་ནི། ང་ཚོར་སྲིད་དབང་སྒེར་གཅོད་མི་དགོས་པར་རང་དབང་མང་གཙོ་དགོས། དམར་ཤོག་ཚོགས་པ་མགོ་རྟིང་སློག ཞིའི་ཅིང་ཕིང་མར་བོབས། སྨྲ་བརྗོད་རང་དབང་དགོས། གསར་འགྱུར་ཕྱི་གསལ་ནང་གསལ་དགོས། ང་ཚོ་བྲན་གཡོག་བྱ་འདོད་མེད་ཅེས་སོགས་རྒྱ་གཞུང་གིས་ད་ལྟའི་སྲིད་བྱུས་འཛིན་བཞིན་པར་མོས་མཐུན་མེད་པའི་ཞི་རྒོལ་གཞི་རྒྱ་ཆེ་བ་བྱས་པར་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གྱི་ཐབས་སྡུག་གནས་སྟངས་དེ་རིགས་བསྐྱར་དུ་མི་ཡོང་བ་དང་། ད་ལྟ་རྒྱ་ནག་ནང་འགྲོ་བཞིན་པའི་གནས་སྟངས་ཐད་རྒྱལ་སྤྱིའི་ཁྱོན་ནས་དོ་སྣང་ངེས་ཅན་གྱིས་དཔལ་འབྱོར་ཁེ་ཕན་ཙམ་ལ་གཞི་མ་བཞག་པར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་ཡོང་ཐབས་ཆེད་སྐུལ་འདེད་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚུགས་པའི་རྗེས་འབྲས་སུ་མེག་སི་ཀོ་ (Mexico) གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁོ་རོ་ཁེ་བྷི་རཱེ་རཱ་ (Deputy Salvador Caro Cabrera) མཆོག་གིས་སྣེ་ཁྲིད་འོག་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་དགའ་བསུ་དང་སྦྲགས། བོད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་ཡོང་སླད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སྔར་ལྷག་ཚགས་ཚུད་ཡོང་བར་འབད་བརྩོན་ཞུ་རྒྱུ་དང་། འདས་པའི་ཟླ་ཤས་ནང་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཁག་གཉིས་ནས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ཞུ་སྐུལ་བྱས་པ་གང་ལེགས་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་དེ་རྒྱ་ནག་དམར་གཞུང་གིས་བཙན་དབང་འོག་ཧམ་བཟུང་བྱས་རྗེས་ཛ་དྲག་གི་གནས་སྟངས་ཇི་ཆགས་ཚང་མའི་དགོངས་པར་མངའ་གསལ་ལྟར་དུས་ད་ལྟའང་རྒྱ་ནག་གཞུང་གི་ངན་བྱུས་དང་། བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའི་མནར་གཅོད་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། ད་བར་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་བཅས་ཞུ་བཞིན་ཡོད། བོད་དོན་བདེན་མཐའ་གསལ་ཆེད་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་ཆིག་སྒྲིལ་གྱི་སྒོ་ནས་བོད་དོན་དྲིལ་བསྒྲགས་དང་ཞུ་སྐུལ་ལས་འགུལ་སོགས་ཀྱི་ཐོག་ལ་ནུས་པ་མཉམ་སྤུངས་དང་གོ་སྐབས་དམ་འཛིན་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ངོས་བཞེས་མཛད་སྐབས་ཀྱི་བཀའ་སློབ་གསུང་བཤད་གནང་བའི་དགོངས་དོན་དང་། བོད་བསྟན་སྲིད་དང་འགྲོ་བའི་དོན་དུ་བཀའ་སློབ་ལམ་སྟོན་རིམ་སྩལ་གནང་བ་ཁག སྒོས་སུ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་བཅས་བོད་མི་རྣམས་ཀྱིས་ཡང་ནས་ཡང་དུ་ཡིད་ལ་དྲན་ཅིང་དོན་དམ་གྱི་ལག་བསྟར་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།
དེ་རིང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོའི་ཐོག་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གསུམ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་སོན་མཆོག་གིས་གཙོས་ལ་དྭགས་ནས་གནད་ཡོད་མི་སྣ་ཁག་ཅིག་བཅས་བཞུགས་སྒར་རྡ་སར་ཆེད་ཕེབས་གནང་ཡོད། བོད་དང་རྒྱ་གར་གཉིས་དབར་རྒྱལ་རབས་ལོ་རྒྱུས་དང་། ཆོས་དང་རིག་གཞུང་བཅས་ཀྱི་ཐོག་སྔ་མོ་ནས་འབྲེལ་འདྲིས་དམ་ཟབ་ཡོད་པ་མ་ཟད། བོད་དེ་རྒྱ་གར་གྱི་བདེ་འཇགས་ཐོག་ཧ་ཅང་གལ་གནད་ཆེ་བར་སོང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་དེ་རིང་གོ་སྐབས་འདི་བརྒྱུད་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྤྱི་སྒེར་གནད་ཡོད་མི་སྣ་རྣམས་དང་། ལྷག་པར་དུ་གནས་ཡུལ་རྒྱ་གར་གཞུང་མང་གཉིས་བཅས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་ས་ཁྱོན་ཡོངས་སུ་ཞི་བདེའི་ཉི་མས་ཁྱབ་སྟེ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ལ།།