༄༅། །སྐུ་ཞབས་ཇེན་པོལ་ (Jean Paul Martines) ལགས་ཀྱིས་བཟོ་སྐྲུན་གནང་བའི་བོད་ནམ་ཡང་མ་བརྗེད་ (Never forget Tibet) ཅེས་པའི་གློག་བརྙན་ཞིག་ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་སིཊ་ནི་དང་། མེལ་བྷོན། སྦི་རི་སི་སྦན། ཨེ་ཌེ་ལེ་ཌེ་བཅས་ཀྱི་ནང་གཟིགས་ཕུད་ཞུས་ཡོད་པ་དང་། གློག་བརྙན་དེ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་དབང་བསྒྱུས་བྱས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པའི་སྐོར་ཡིན་ཞིང་། གློག་བརྙན་དེ་འབྱུང་འགྱུར་གྱི་བདུན་ཕྲག་ནང་ཨོསྟྲེ་ལི་ཡཱའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་པེར་ཐི་ནང་དབུ་འབྱེད་གནང་གཏན་ཁེལ་ཡོད།
དེ་ཡང་སིཌ་ཎིར་རྟེན་གཞི་བྱས་པའི་རི་ཛི་ (Ritz) གློག་བརྙན་ཁང་དུ་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་གཟིགས་ཕུད་སྐབས་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། བོད་དོན་རྒྱབ་སྐྱོར་བ་བྷིལ་ (Rev. Bill Crews) ལགས། ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཛོ་བྷེ་ཌི་ཧྥོར་ཌི་ (Dr. Zoe Bedford) ལགས། སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་མིག་དམར་ཚེ་རིང་ལགས་བཅས་དམིགས་བསལ་སྐུ་མགྲོན་དུ་མགྲོན་འབོད་ཞུས་འདུག
གློག་བརྙན་གཟིགས་ཕུད་རྗེས་རོལ་མོ་བ་བསྟན་འཛིན་ཆོས་རྒྱལ་ལགས་དང་། གློག་བརྙན་བཟོ་མཁན་སྐུ་ཞབས་ཇེན་པོལ་ (Jean Paul Martines) ལགས། འབུམ་རམས་པ་སྦི་ཨེ་ལེན་ཝེ་ལེ་སེ་ལགས། རྡོ་རྗེ་ཐེག་པ་ཆོས་ཚོགས་ཀྱི་དགེ་བཤེས་བསྟན་འཛིན་བཟོད་པ་ལགས། ཁོར་ཡུག་ལས་འགུལ་བ་ནཱ་ཌི་ཡ་ (Nadya Hutangalung) ལགས་བཅས་དང་ལྷན་དུ་དྲི་བ་དྲིས་ལན་སོགས་གནང་ཡོད་པ་བཅས།།