༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༥ ཉིན་ཨ་རིའི་སིན་སི་ན་ཊི་གྲོང་སྡེའི་སྤྱི་ཁྱབ་པ་བོད་རིགས་ཨཕ་ཏཱཕ་ཀརྨ་པུ་རེ་ཝལ་ལགས་བོད་མིའི་སྒྲིག་འཛུགས་སུ་ཆེས་ཐོག་མ་ཆེད་ཕེབས་གནང་ཡོད།
དེ་ཡང་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་ཀྱིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་དང་ལྷན་མཇལ་མོལ་གནང་ཞིང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལས་ཁུངས་སུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་དང་མཇལ་མོལ་གནང་ཡོད་པ་རེད།
གཞན་ཡང་ཁོང་གིས་གངས་སྐྱིད་དུ་ཆགས་པའི་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། དཔེ་སྟོན་སློབ་གྲྭ་བཅས་སུ་གཟིགས་སྐོར་ལ་ཕེབས་ཡོད།
སྤྱིར་གྲོང་སྡེའི་སྤྱི་ཁྱབ་པ་ཨཕ་ཏཱཕ་ཀརྨ་པུ་རེ་ཝལ་ལགས་ནི་སིན་སི་ན་ཊི་གྲོང་སྡེའི་སྤྱི་ཁྱབ་པ་སྐབས་བདུན་ཅུ་པ་ཡིན་ཞིང་། ཁོང་གིས་སིན་སི་ན་ཊི་གྲོང་སྡེའི་སྤྱི་ཁྱབ་ཀྱི་ལས་ཁུར་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༡ ཚེས་ ༠༤ ནས་དབུ་འཛུགས་གནང་ཡོད་པ་བཅས།།