༢༠༡༡ ཟླ་ ༡༠ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ནས་ ༢༤ བར་ཨུ་རུ་སུ་སྤྱི་མཐུན་གྱི་རྒྱལ་ཁབ་ཁལ་མུཀ་ཡུལ་གྱི་སྲིད་འཛིན་མཆོག་ནས་མགྲོན་འབོད་ལྟར་གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་གནམ་མཐང་དུ་ཕེབས་མཚམས། ཁལ་མུཀ་ཡུལ་གྱི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ནི་ཀོ་ལའི་ཚེ་རི་ནོ་ཝི་ཆི་(Mr. Nicolai Tserinovitch)མཆོག་དང་སྐུ་ཚབ་དོན་ཁང་གིས་སྣེ་ཤན་པ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐུ་རྟེན་མཆོག་ཐོག་མར་ཨུ་རུ་སུའི་གྲོང་ཁྱེར་ཆེ་ཁག་པེ་ཊི་གྷོཌ་སེ་(Petigorske)དང་མི་ནེ་རལ་ནི་ཝོ་སྡི།(Mineralni Vodi) ཀི་སི་ལོ་ཝོཌ་སེ་(Kislovodske)བཅས་གསུམ་གྱི་ནང་དུ་ནང་ཆོས་ངོ་སྤྲོད་དང་། ཐུགས་བརྟག་གནང་ཡོད། ཕྱི་ཚེས་ ༡༧ ཉིན་ཁལ་མུཀ་དུ་ཕེབས་ཏེ་རྒྱལ་ས་ཨེ་ལི་སི་ཏའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཁལ་མུཀ་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། བོད་དོན་རྒྱབ་སྐྱོར་བ། དད་ལྡན་ནང་པ་ཁག་གཅིག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་སྐུ་རྟེནམཆོག་ཨེ་ལི་སི་ཏའི་ནང་རྟེན་གཞི་བྱས་པའི་ནང་པའི་དགོན་པ་དེར་ཕེབས་ཡོད་པ་མ་ཟད། ཁལ་མུཀ་སྲིད་འཛིན་སྐུ་ཞབས་ཨེ་ལེཀ་སེ་ཨོར་ལོབ་མཆོག་དང་མཇལ་འཕྲད་གནང་ཡོད། ཕྱོགས་མཚུངས་སྐུ་རྟེན་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཆེད་དོན་དྲི་བར་ལན་འདེབས་ཀྱང་གནང་ཡོད། དེ་རྗེས་སྐུ་རྟེན་མཆོག་གྲོང་ཁྱེར་ཝོལ་གྷོག་རེ་ཌིར་(Volgograde)ཕེབས་ཡོད། ཕྱི་ཚེས་ ༢༤ ཉིན་སྐུ་རྟེན་མཆོག་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནས་རྒྱ་གར་དུ་ཕྱིར་ཕེབས་མ་གནང་གོང་ཁལ་མུཀ་སྲིད་འཛིན་ཟུར་པ་སྐུ་ཞབས་ཀིར་སན་ཨིལ་ལུམ་ཛི་ནོབ་མཆོག་དང་མཇལ་འཕྲད་གནང་ཡོད། ད་ཐེངས་སྐུ་རྟེན་གྱི་མཆོག་གི་འཚམས་གཟིགས་དེའི་སྐོར་འབྲེལ་ཡོད་ས་གནས་སོ་སོའི་བརྙན་འཕྲིན་དང་གསར་ཤོག་ཁག་གི་ནང་ཐོན་ཡོད་པ་མ་ཟད། ཨུ་རུ་སུའི་རྒྱལ་ཡོངས་བརྙན་འཕྲིན་(Russian National TV Channel NTB) ཞེས་པའི་ནང་བསྟན་ཡོད། སྐུ་རྟེན་མཆོག་ཨུ་རུ་སུའི་ཁུལ་དུ་འཚམས་གཟིགས་གནང་ཐེངས་གསུམ་པ་དེ་ཆགས་ཡོད་པ་བཅས།།