༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༨ ནས་ ༢༩ བར་ཉིན་གྲངས་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གཞོན་ནུ་ལྟེ་གནས་ཁང་ (Vishwa Yuvak Kendra) དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཉིན་དང་པོར་སྐུ་མགྲོན་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་ལ། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མཱར་ (Sujeet Kumar) ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཨཱ་ནནྟ་ཀུ་མཱར་ (Anand Kumar) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Indresh Kumar) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་བཅས་ཀྱིས་གཙོས་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་བ་ ༢༠༠ ལྷག་ཚོགས་བཅར་གནང་ཡོད།ཚོགས་འདུ་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་ཡང་རྩོམ་པ་པོ་གྲགས་ཅན་དང་། བོད་ཀྱི་གྲོགས་པོ་འབུམ་རམས་པ་ལྕམ་སྐུ་ནིར་ཇཱ་མ་དྷེབ་ (Dr. Neerja Madhav) ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཧི་མ་ཅཱལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་མོ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཀེ་སི་ཨགྣི་ཧོ་ཏྲཱི་ (Prof. K.C. Agnihotri) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ལགས། ལྡི་ལི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀཇ་གྷོ་ཡལ་ལགས་ (Pankaj Goyal) སོགས་མཉམ་ཞུགས་ཀྱིས་སྙིང་དོན་གསུང་བཤད་གནང་ཡོད།ཚོགས་འདུ་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་། རྒྱ་གར་དང་རྒྱ་ནག་ཚུད་པའི་ལྷོ་ཤར་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་ ༡.༩ ལྷག་བོད་མཐོ་སྒང་ནས་བཞུར་བཞིན་པའི་གཙང་པོ་ཁག་ལ་བརྟེན་ནས་འཚོ་བཞིན་པའི་སྐོར་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབ་སྟེ་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་དེ་མཚམས་འཇོག་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད།གཞན་ཡང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་། སྐད་ཡིག ངོ་བོ་དང་བཅས་པ་རྩ་གཏོར་གཏོང་སླད་བཙན་དབང་གིས་བོད་པའི་ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་དང་གཏོང་བཞིན་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་པ་རྣམས་ཀྱི་རིགས་རྫས་བསྡུ་རུབ་བྱས་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད། ཕྱོགས་མཚུངས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱ་གར་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་སྟབས་བོད་མི་རྣམས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་མཐར་སྐྱེལ་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།
འབུམ་རམས་པ་སྐུ་ཞབས་ཀེ་སི་ཨགྣི་ཧོ་ཏྲཱི་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་པ་དེ་ནི་རྒྱ་གར་གྱི་ལོ་རྒྱུས་ནང་བློ་འགྱོད་ཆེས་ཆེ་ཤོས་ཀྱི་ཉིན་མོའི་གྲས་ཤིག་རེད། གལ་ཏེ་རྒྱ་གར་གྱིས་ལྷོད་ཡངས་བཏང་མེད་ན་རྒྱ་ནག་གི་དབང་བསྒྱུར་དེ་ནི་བཀག་འགོག་བྱེད་ཐུབ་པ་ཞིག་རེད། ཅེས་དང་། རྒྱ་ནག་གིས་བོད་དབང་བསྒྱུར་མ་བྱས་གོང་རྒྱ་གར་གྱིས་འཕགས་བོད་ས་མཚམས་དབར་གྱི་བདེ་འཇགས་ལ་ཐུགས་འཚབ་གནང་དགོས་དོན་མེད། དེང་སྐབས་རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་བདེ་འཇགས་ཐད་འགྲོ་གྲོན་ཆེན་པོ་གཏོང་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། འབུམ་རམས་པ་ལྕམ་སྐུ་ནིར་ཇཱ་མ་དྷེབ་ལགས་ཀྱིས། བོད་དོན་སྐོར་རྩོམ་ཡིག་བྲིས་ཏེ་རྒྱ་གར་གཞུང་ནས་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་སོགས་ཀྱི་སྐོར་གསུངས།
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་བསྡོམས་མཛད་སྒོར་ཚོགས་བཅར་བ་ཡོངས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཕྱི་ལོ་ ༡༩༥༩ ལོར་དེ་སྔ་རྒྱ་གར་རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཛཱཡཱ་པྲ་ཀཱཤ་ནཱ་རཱ་ཡན་ (Jai Prakash Narayan) མཆོག་གི་དབུ་ཁྲིད་འོག་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཆེས་ཐོག་མ་ཚོགས་པ་ལ་བརྟེན་ནས་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁྱབ་གདལ་དུ་ཕྱིན་ཡོད་པ་དྲན་གསོ་བྱེད་དགོས་པ། འཕགས་བོད་གཉིས་དབར་ཆོས་དང་། རིག་གཞུང་། ལོ་རྒྱུས། སྤྱི་ཚོགས། དཔལ་འབྱོར་བཅས་དཔལ་ཡོན་གྱི་འབྲེལ་བ་གཏིང་ཟབ་བྱུང་ཡོད་པ་ངོས་འཛིན་དགོས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་ཏེ་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་། ངོ་བོ། ཁོར་ཡུག་བཅས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཐུགས་འཚབ་དང་། ལྷག་པར་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་པའི་ཕྲུ་གུ་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བ། བོད་མིའི་རིགས་རྫས་བསྡུ་རུབ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པ། བོད་མཐོ་སྒང་དེ་བཞིན་དམག་ས་ལྟ་བུར་སྒྱུར་བཞིན་པ། ཡར་ཀླུངས་གཙང་པོའི་ནང་ཆུ་མཛོད་ཆེན་པོ་རྒྱག་བཞིན་པ་བཅས་ནི་བོད་མི་ཙམ་མ་ཟད་རྒྱ་གར་བ་རྣམས་ཀྱིས་ཐུགས་འཚབ་གནང་གི་ཡོད་པ་འཁོད་ཡོད།
དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་བཅར་མཁན་སྐུ་ཚབ་ཡོངས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བ་གཤམ་གསལ།
རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ།
རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་རྒྱལ་ཁབ་ཀྱི་ངོ་བོ་རྩ་གཏོར་གཏོང་སླད་བོད་པའི་ཕྲུ་གུ་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བར་སྐྱོན་བརྗོད་ཡོད་པ།
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་ངོ་རྒོལ་ཡོད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པ་དང་། བྱམས་བརྩེ། ཁོར་ཡུག རྒྱ་གར་གྱི་གནའ་བོའི་རིག་གཞུང་སོགས་ཀྱི་ཆེད་དུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་སྟབས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས་པ།
བོད་མིའི་སྒྲིག་འཛུགས་དེ་བཞིན་གཞིས་བྱེས་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་སྒྲིག་འཛུགས་ཤིག་ཡིན་པ་ངོས་འཛིན་དགོས་པ།
ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ངོས་འཛིན་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དགོས་པ།
བོད་དོན་ཆེད་དུ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་། བོད་མིའི་མངོན་འདོད་འགྲུབ་སླད་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་སྐོར་གོ་རྟོགས་ཀྱི་ལས་གཞི་དང་ལས་འགུལ་སྤེལ་དགོས་པ།
རྒྱ་གར་གཞུང་མང་གཉིས་ནས་མུ་མཐུད་བོད་མིར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་དང་། ད་དུང་ཡིན་ཡང་རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་ངོ་བོ་རྒྱུན་གནས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་གནང་དགོས་པ།
བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་ཐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་པ།
རྒྱ་གར་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་བཅས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པ་བཅས།།