༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཤེས་རིག་ལས་ཁུངས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གཏན་འབེབས་དང་དཔར་འགྲེམས་གནང་བ་དེ། ཕྱི་ལོ་ ༢༠༢༣ ལོའི་སློབ་དུས་གསར་པ་ནས་བོད་ཁྱིམ་གཉིས་དང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ལག་བསྟར་གནང་རྒྱུའི་གྲོས་ཆོད་བྱུང་བ་ལྟར། སྤྱི་ཚོགས་ཚན་རིག་གི་དགེ་རྒན་རྣམས་ལ་ལག་བསྟར་སྐབས་བོད་ཀྱི་སྐད་ཡིག་དང་སྤྱི་ཚོགས་ཚན་རིག་གི་ཐ་སྙད་བཅས་ལ་དཀའ་ངལ་མི་འཕྲད་སླད། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡ ཚེས་ ༥ ནས་ ༡༨ བར་བོད་ཡིག་གི་ཟབ་སྦྱོང་ཞིག་འབུལ་གཏན་འཁེལ་བ་དང་། ཟབ་སྦྱོང་དངོས་གཞི་མ་ཚུགས་གོང་གྲ་སྒྲིག་གི་ཚུལ་དུ་ཕྱི་ཟླ་ ༡༡ ཚེས་ ༢༩ དང་ ༣༠ སྔ་དྲོའི་ཉིན་ཕྱེད་རིང་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་དགེ་རྒན་རྣམས་ལ་སྤྱི་ཚན་གྱི་སློབ་དེབ་ངོ་སྤྲོད་མདོར་བསྡུས་དང་། བོད་ཡིག་སྦྱོང་ཐབས་ཞེས་པའི་བརྗོད་གཞི་ཐོག་ཆུ་ཚོད་བརྒྱད་ཀྱི་དྲྭ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས།
ཉིན་དང་པོའི་ཆུ་ཚོད་གཉིས་རིང་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཚན་ཁག་བོད་སྐད་བརྒྱུད་ལམ་ནས་འཁྲིད་རྒྱུའི་དགོས་དམིགས་ངོ་སྤྲོད་དང་། སྤྱི་ཚོགས་ཚན་རིག་གི་སློབ་དེབ་རྩོམ་སྒྲིག་པ་པ་སངས་ཚེ་རིང་ལགས་ཀྱིས་སློབ་དེབ་ཀྱི་ནང་དོན་ཁག་ངོ་སྤྲོད་མདོར་བསྡུས་གནང་བ་དང་། དེ་རྗེས་ཁྱད་སྟོན་པ་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་ཆུ་ཚོད་གཉིས་རིང་བོད་ཡིག་ཀློག་ཐབས་ཀྱི་དཀའ་གནད་ཐོག་སློབ་ཁྲིད་གནང་།
ཕྱི་ཚེས་ ༣༠ ཉིན་ཆུ་ཚོད་བཞིའི་རིང་བྱ་ཚིག་གི་དག་ཆ་འབྲི་ཚུལ་གྱི་དཀའ་གནད་སྐོར་སློབ་ཁྲིད་གནང་གཏན་འཁེལ་ཡོད། ཐེངས་འདིའི་དྲ་ཐོག་ཟབ་སྦྱོང་འདི་བཞིན་ཤེས་རིག་སྲོལ་རྒྱུན་ཚན་པས་གོ་སྒྲིག་གནང་ཞིང་། ཟབ་སྦྱོང་ནང་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ་བཅས་ཀྱི་སློབ་ཁག་ ༢༦ ནས་དགེ་རྒན་གྲངས་ ༣༠ ཡིས་མཉམ་ཞུགས་གནང་ཡོད། །