༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡཱའི་སྲིད་བློན་གསར་པ་སྐུ་ཞབས་ཨན་ཝར་ཨིབ་ར་ཧིམ་ (Anwar Ibrahim) མཆོག་ལ་མཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག
དེ་ཡང་མཚམས་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། ཕྱི་ལོ་ ༡༩༨༢ ལོར་ངོས་ལ་ཞི་བདེ་དང་འཇིག་རྟེན་སྤྱི་ཡོངས་ཀྱི་འགན་ཁྲིའི་སྐོར་གཏམ་བཤད་བྱ་རྒྱུར་མགྲོན་འབོད་གནང་བ་ལྟར་ངོས་རང་སྐུ་ཉིད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ། དེ་བཞིན་སྲིད་བློན་ཊན་ཀུ་ཨབ་ཏུལ་རེ་མན་ (Tunku Abdul Rahman) མཆོག་དང་གནད་ཡོད་མི་སྣ་ཁག་ལྷན་དུ་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་བྱུང་།
ད་ལྟའི་དུས་འདི་དཀའ་ཚེགས་ཆེ་བའི་དུས་ཤིག་ཡིན། ངོས་ཀྱི་རེ་བ་ལ་མ་ལེ་ཤི་ཡཱ་མུ་མཐུད་དར་ཞིང་རྒྱས་ཏེ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་དེང་གི་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཆེད་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཐུབ། སྐུ་ཉིད་ཀྱིས་འབྱུང་འགྱུར་མ་ལེ་ཤི་ཡཱ་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་འཕྲད་པའི་དཀའ་ངལ་མཐའ་དག་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག་པ་བཅས།།