༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྐབས་ལྔ་པའི་དགེ་བཤེས་མའི་དམ་འཇོག་དང་ཚད་མའི་དགུན་ཆོས་ཀྱི་མཇུག་བསྡོམས་མཛད་སྒོར་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་མཛད་སྒོར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུས་ཆོས་རིག་དྲུང་ཆེ་དང་། དཔེ་ཁྲིད་དགེ་རྒན་རྣམ་པ། དགེ་བཤེས་མ་རྒྱུགས་སྤྲོད་ལྷན་ཚོགས་ཀྱི་ཚོགས་གཙོ། བཙུན་མའི་ལས་འཆར་གྱི་ངེས་སྟོན་པ། དགེ་བཤེས་མ་རྣམ་པ། དགུན་ཆོས་ཐོག་མཉམ་ཞུགས་གནང་མཁན་བཙུན་མ་རྣམ་པ་སོགས་ཁྱོན་མི་གྲངས་ ༥༠༠ ཙམ་ལྷན་འཛོམས་ཐོག སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དགེ་བཤེས་མ་རྣམས་ལ་ཕྱག་འཁྱེར་གནང་གྲུབ་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་དགེ་བཤེས་མ་རྣམས་ལ་ལེགས་སྐྱེས་ཕུལ། སྐབས་དེར་ཆོས་རིག་དྲུང་ཆེས་བོད་ཀྱི་ཆོས་བརྒྱུད་སོ་སོའི་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པས་དབུས་འབྲེལ་ཡོད་ཡོངས་ནས་བཙུན་མ་རྣམས་ནས་གཞུང་ཆེན་སློབ་གཉེར་གནང་དགོས་པའི་༸རྒྱལ་བའི་བཀའ་དགོངས་ལ་དབུ་འོག་དཔུང་འདེགས་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག དགེ་བཤེས་མའི་བྱུང་རིམ་ངོ་སྤྲོད་དང་འབྲེལ། དགེ་བཤེས་མ་རྣམ་པར་བསྟན་པ་དང་འགྲོ་བའི་དོན་དུ་མུ་མཐུད་ཞབས་འདེགས་སྒྲུབ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། ཐེངས་འདིར་དགེ་བཤེས་མའི་མཚན་གནས་བཞེས་མཁན་བཙུན་མ་བཅུ་ཡོད་ཁོངས་ནས་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་བཙུན་མ་བཞི་དང་། ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་ནས་བཙུན་མ་བཞི། བཙུན་དགོན་དགེ་ལྡན་ཆོས་གླིང་ནས་བཙུན་མ་གཉིས་བཅས་ཡིན།
ཕྱོགས་མཚུངས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་རྡོར་གདན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་སྟབས་བསྟུན། རྒྱལ་པོའི་ཁབ་ཏུ་ཡོད་པའི་དབྱེན་ཟླུམ་མཆོད་རྟེན་དང་། ཡངས་པ་ཅན་དུ་རྣམ་རྒྱལ་མཆོད་རྟེན། རྡོར་གདན་དུ་བྱང་ཆུབ་མཆོད་རྟེན་བཅས་ལ་གནས་གཟིགས་ཕེབས་ཡོད། སྤྱིར་ཕྱི་ལོ་ ༢༠༡༦ ལོར་ཆོས་རིག་ལས་ཁུངས་ཀྱིས་འགན་ཁུར་འོག རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དང་། བོད་མིའིི་སྤྱི་མཐུན་བསོད་ནམས་གོང་སྤེལ་སླད། རྒྱ་གར་ནང་གི་ནང་པའི་གནས་ཆེན་བརྒྱད་ལ་བདེ་གཤེགས་མཆོད་རྟེན་རེ་གསར་བཞེངས་ཞུས་ཡོད་པ་རྣམས་ནི། ལུམ་སྦི་ནི་རུ་པད་སྤུངས་མཆོད་རྟེན་དང་། གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་མཆོད་རྟེན། ཝཱ་ར་ཎ་སིར་ཆོས་འཁོར་མཆོད་རྟེན། མཉན་ཡོད་ (Shravasti) དུ་ཆོ་འཕྲུལ་མཆོད་རྟེན། གསལ་ལྡན་ (Sankisa) དུ་ལྷ་བབས་མཆོད་རྟེན། རྒྱལ་པོའི་ཁབ་ (Rajgir) ཏུ་དབྱེན་ཟླུམ་མཆོད་རྟེན། ཡངས་པ་ཅན་ (Vaishali) དུ་རྣམ་རྒྱལ་མཆོད་རྟེན། རྩ་མཆོག་གྲོང་ (Kushinagar) དུ་མྱང་འདས་མཆོད་རྟེན་བཅས་ཡིན། ལོ་ལྟར་ལྷ་བབས་དུས་ཆེན་ཉིན་ཆོས་རིག་ལས་ཁུངས་ནས་མཆོད་རྟེན་བརྒྱད་ལ་མཆོད་དོད་ཕུལ་བའི་ཐོག་ནས་ཁྲུས་གསོལ་རབ་གནས་གནང་གི་ཡོད་པ་བཅས།།