༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༠༩ རེས་གཟའ་ལྷག་པ་ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་དམ་འབྲེལ་མཐུད་པ་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་བལ་ཡུལ་རྣམ་རྒྱལ་མཐོ་རིམ་སློབ་གྲྭ་དང་། བལ་ཡུལ་སྲོང་བཙན་བལ་བཟའ་གཏན་ཉིན་མཐོ་སློབ་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ་དང་། མུ་མཐུད་ཚེས་ ༡༠ ཉིན་འཇོ་ལ་ཁེལ་ཨ་ཏི་ཤ་སློབ་གྲྭར་འཚམས་གཟིགས་གནང་ཡོད།དེ་ཡང་དཔལ་ལྡན་བཀའ་ཤག་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་དང་མཐུན་པ་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་བལ་ཡུལ་སྐུ་ཚབ་དོན་གཅོད་དམ་འབྲེལ་མཐུད་པའི་ངོ་བོར་གསར་བསྐོ་གནང་བ་ལྟར་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༡༩ ཉིན་ལས་ཁུར་འགོ་འཛུགས་ཞུས་ནས་ལས་ཁུངས་ནང་གི་ལས་དོན་ཁག་དང་། ལྷག་པར་གནས་ཡུལ་རྒྱལ་ཁབ་ཀྱི་གནད་ཡོད་སྡེ་ཚན་ཁག་ལ་ངོ་སྤྲོད་མཇལ་འཕྲད། དེ་བཞིན་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་པ་དང་འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་སོགས་ལ་མཇལ་འཕྲད་ཀྱི་ལས་རིམ་ཁག་འགྲོ་བཞིན་པ་ལྟར། རང་རེ་བོད་མིའི་སྤྱི་ཚོགས་བདེ་དོན་ལའང་ངེས་པར་ཤེས་རྟོགས་ཆེད་གཞིས་ཆགས་དང་དགོན་སྡེ། སློབ་གྲྭ། ཁ་ཐོར་བོད་མིའི་འདུ་སྡོད་སོགས་ལ་འཚམས་གཟིགས་དགོས་གལ་ཆེ་བ་ལྟར། སྐུ་ཚབ་དོན་གཅོད་དམ་འབྲེལ་མཐུད་པས་ཐོག་མར་སློབ་གྲྭ་ཁག་ལ་རིམ་བཞིན་འཚམས་གཟིགས་དབུ་འཛུགས་གནང་། གཞུང་འབྲེལ་གྱི་བོད་མིའི་སྤྱི་ཚོགས་ལ་འཚམས་གཟིགས་དང་པོ་སློབ་གྲྭ་ཁག་ནས་དབུ་འཛུགས་དགོས་པའི་རྒྱུ་མཚན་ནི། ཤེས་ཡོན་ནི་མི་ཚེའི་ཚེ་སྲོག་ལྟ་བུ་ཡིན་པར་བརྟེན་དེའི་ཐོག་མའི་བསྟི་གནས་སློབ་གྲྭ་ཁག་ཡིན་པས་སོ།བལ་ཡུལ་ཁུལ་གྱི་བོད་སློབ་ཁག་ལ་བོད་ཡིག་སྦྱང་སའི་ཁོར་ཡུག་ཡོད་པར་བརྟེན་བོད་པའི་སློབ་ཕྲུག་རྣམས་ལ་ཕན་ཐོགས་སྨྲོས་མེད་དང་། དེ་བཞིན་ཧི་མ་ལ་ཡའི་བོད་རིགས་སློབ་མ་ཚོ་ལའང་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་སོགས་རྒྱུས་མངའ་ཡོང་ཆེད་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་། དེ་བཞིན་སློབ་གྲྭ་དེ་དག་གི་ནང་བལ་པོའི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་ཁག་གཅིག་ཀྱང་ཡོད་པར་བརྟེན་ཁོང་རྣམས་ལའང་ཧ་ཅང་ཕན་ཐོགས་ཡོང་གཞིར་མཐོང་། གང་ལ་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མངའ་ནས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་བཞིན་འཛམ་གླིང་གི་གཅེས་ནོར་ལྟ་བུ་ཆགས་ཡོད་ཅེས་བཀའ་གནང་ཡོད་པ་བཞིན་བོད་པ་ཙམ་མ་ཡིན་པར་འགྲོ་བ་མིའི་སྤྱི་ཚོགས་ལའང་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་ལྟ་གྲུབ་གཞི་ལ་བཞག་སྟེ་གཞན་ཕན་སེམས་བཟང་བྱ་རྒྱུ་དང་། བོད་ཀྱི་རིག་གཞུང་གི་སྒོ་ནས་ཡ་རབས་བཟང་སྤྱོད་སོགས་མིག་དཔེ་བྱ་ཡུལ་ཞིག་ཀྱང་མཐོང་། བལ་ཡུལ་དོན་གཅོད་ཀྱི་གཟིགས་ཚུལ་ལ་སྤྱིར་སློབ་གྲྭའི་མཐུན་རྐྱེན་དང་ཁོར་ཡུག དེ་བཞིན་དགེ་ལས་རྣམས་ཀྱི་ལྷག་བསམ་སོགས་སྤུས་ཚད་གཙང་མ་ཡོད་པ་ནི་ང་ཚོ་བོད་པ་ཡིན་པའི་ཁྱད་ཆོས་ཀྱང་རེད་འདུག དེ་བཞིན་རྣམ་རྒྱལ་མཐོ་སློབ་ལྟ་བུར་མཚོན་ན། བསླབ་གཞི་སློབ་ཚན་གྱི་ངོ་བོ་ཁག་ཕུན་སུམ་ཚོགས་པ་སློབ་གྲྭ་གཞན་ལྟ་བུ་ཡོད་པའི་ཁར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། ལས་རིམ་སྒྲིག་སྟངས་ཀྱང་འགོ་ཕེབས་བསུ་ནས་མཇུག་སྒྲིལ་མཚམས་བར་བོད་ཀྱི་སྲོལ་རྒྱུན་དང་། ལྷག་པར་དངོས་སུ་སློབ་མ་ཁག་ནས་བོད་ཀྱི་རོལ་ཆ་བེད་སྤྱད་ཀྱིས་གླུ་གཞས་སྙན་འཇེབས་ལྡན་པ་བཏང་གནང་བར་ཡི་རང་དང་བསྔགས་བརྗོད་ཞུ་འོས་པ་ཞིག་ཏུ་མཐོང་། རྗེས་སུ་རིམ་བཞིན་བལ་ཡུལ་རྣམ་རྒྱལ་འབྲིང་རིམ་དང་། གཞན་གཞིས་ཆགས་ཁག་དང་སློབ་གྲྭ་ཁག དགོན་སྡེ་གྲྭ་ཚང་གིས་གཙོས་སྡེ་ཚན་རྣམས་ལ་རིམ་བཞིན་ཕྱོགས་བསྐྱོད་འཚམས་གཟིགས་གནང་འཆར་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།