༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ཉིན་ནས་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༢ ནས་ ༡༠ བར་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་དང་། ཀ་སྦུག་བཅས་ཀྱི་མི་མང་ལ་ཐུག་འཕྲད་དང་། བོད་མི་འདུ་སྡོད་ཁག་ལ་གཟིགས་ཞིབ། དེ་བཞིན་ནུབ་བྷེང་གྷལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རུ་དྷེན་ས་ཌ་ལེབ་ཆ་ (Shri Ruden Sada Lepcha) ལགས་དང་། ཀ་སྦུག་རྫོང་དཔོན་ལྕམ་སྐུ་སིམ་རི་ཏི་ཝི་མ་ལ་ (Smt. Smriti Vimala) ལགས་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་སྟེ། ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་དང་། ཀ་སྦུག་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།དེ་ཡང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་སྒང་ཏོག་ས་གནས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོར་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་བ་དང་། སྐབས་དེར་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། དབུས་གཙང་དང་། མདོ་སྟོད། གཞོན་ནུ་དང་བུད་མེད། བརྒྱ་ཤོག་བདུན་གྱི་བརྒྱ་དཔོན་རྣམ་པ་བཅས་ཀྱིས་དཀར་གཙང་ཁ་བཏགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་པདྨ་ཡང་རྩེ་དགོན་པ་དང་། ཉིན་རྒྱབ་གཡུང་དྲུང་ཀུན་གྲགས་གླིང་བཅས་སུ་མཆོད་མཇལ་དང་། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་ར་ཝང་ལ་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་གཟིགས་སྐོར་གནང་ཞིང་། སྐབས་དེར་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ནས་ཁ་བཏགས་བསྣམས་ཏེ་ཕེབས་བསུ་ཞུས་པ་དང་། དེ་ནས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་འདུ་འཛོམས་ཐོག་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཕྲུག་ཚོས་གཞས་སྣ་དང་རྩེད་རིགས་སྣ་ཚོགས་གཟིགས་འབུལ་ཞུས་ཡོད་འདུག
ཉིན་རྒྱབ་ར་ཝང་ལ་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་ཁག་ལ་གཟིགས་སྐོར་དང་། གཉགས་སྟོན་པའི་གདན་ས་གླེ་ལུང་ཆོས་སྡེའི་སློབ་གཉེར་ཁང་ལ་མཆོད་མཇལ། ཕྱི་དྲོར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་ཚོགས་ཁང་དུ་ར་ཝང་ལ་མི་མང་ལ་གསུང་བཤད་དབུ་འཛུགས་མ་གནང་སྔོན་ལ་བརྒྱ་དཔོན་ཟུར་པ་དང་སྨན་ཞབས་པ་རྣམས་ལ་ཕྱག་རྟགས་གནང་ཡོད་པ་དང་། ཚོགས་འདུ་གྲོལ་མ་ཐག་ས་གནས་ཀྱི་འགན་ཡོད་མི་སྣ་རྣམས་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། གཞིས་ཆགས་ཀྱི་དཀའ་ངལ་དང་ལས་ཀྱི་སྣེ་མོ་བ་རྣམ་པའི་ཕྱག་ལས་གནང་ཕྱོགས་སྐོར་ལ་བཀའ་བསྡུར་སྦྱང་བཤད་གནང་ཡོད་འདུག
ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་ར་ལང་བཀའ་བརྒྱུད་དགོན་དཔལ་ཆེན་ཆོས་གླིང་ལ་མཆོད་མཇལ་སྐབས། དགོན་པའི་བླ་བྲང་ཚོམས་ཆེན་ནང་སྒྲུབ་བརྒྱུད་གཙུག་རྒྱན་༧གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་མཇལ་ཁ་དང་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་བཙུན་དགོན་སྐྱེ་དགུའི་བདག་མོ་ཆོས་གླིང་གཙུག་ལག་སློབ་གཉེར་ཁང་དུ་མཇལ་སྐོར་གནང་ཡོད་འདུག
ཉིན་རྒྱབ་ར་ཝང་ལ་ནས་ཐོན་ཏེ་ཕྱི་དྲོར་ཀ་སྦུག་ཏུ་ཕེབས་འབྱོར་སྐབས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་ཕེབས་བསུ་དང་གསོལ་ཇ་འདེགས་འབུལ་ཞུས་ཡོད་པ་དང་། ཉིན་དེ་ནི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འཁྲུངས་སྐར་འཁེལ་ཡོད་སྟབས། ཕྱི་དྲོར་ཀ་སྦུག་ལྟག་མཚེར་གཞིས་ཀར་བཅར་ཏེ་ས་དབང་ཆེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་ཡོད་འདུག
ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་ཀ་སྦུག་ལྷ་མོ་ཚོགས་པར་གཟིགས་སྐོར་དང་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད། དེ་རྗེས་ཐར་པ་ཆོས་གླིང་དང་། ས་སྐྱ་རྩེ་ཆེན་འཕྲིན་ལས་དར་རྒྱས་དགོན་པ། ཟེ་དཀར་དགོན་པ། སྲད་རྒྱུད་གྲྭ་ཚང་བཅས་ལ་མཆོད་མཇལ་དང་། ཉིན་རྒྱབ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མིག་གི་སྨན་ཁང་དང་རྒན་གསོ་ཁང་། རྙིང་མའི་དགོན་པ་བཅས་ལ་མཆོད་མཇལ། ཕྱི་དྲོར་ཀ་སྦུག་ས་གནས་དབུས་གཙང་དང་། མདོ་སྟོད། མདོ་སྨད། གཞོན་ནུ་དང་བུད་མེད་བཅས་ཐུན་མོང་གིས་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ལ་དགའ་བསུའི་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་ཡོད་འདུག
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར་གནང་སྐབས། སློབ་ཕྲུག་ཚོས་རྔ་རོལ་དང་དགེ་རྒན་ལས་བྱེད་ཡོངས་ནས་ཁ་བཏགས་བསྣམས་ཏེ་ཕེབས་བསུ་ཞུས་ཡོད་པ་དང་། སློབ་ཕྲུག་ཚོས་ ༼བདེ་སྐྱིད་གསར་སྐྱོང་།༽ ཞེས་པའི་གླུ་གཞས་གཟིགས་འབུལ་དང་། སྔ་དྲོའི་ཞོགས་འཛོམས་ཀྱི་བྱེད་སྒོ་ཁག་གཟིགས་འབུལ་གནང་ཡོད་པ་དང་། དེའི་རྗེས་སློབ་སྤྱི་ཚེ་རིང་མཚོ་མོ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་རྗེས། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་བོད་པའི་སྐད་ཡིག་རིག་གཞུང་གི་གལ་ཆེན་རང་བཞིན་དང་། དགེ་རྒན་གྱི་འགན་འཁྲི་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག
ཉིན་གུང་ཀ་སྦུག་རྫོང་དཔོན་ལྕམ་སྐུ་སིམ་རི་ཏི་ཝི་མ་ལ་ (Smt. Smriti Vimala) ལགས་དང་ལྷན་མཇལ་འཕྲད་ཞུས་ཏེ། ཀ་སྦུག་ས་གནས་སུ་བོད་མི་སྐྱབས་བཅོལ་བ་ཚོ་རྒྱུན་རིང་ཡུལ་མི་དང་། འཆམ་མཐུན་ངང་གནས་ཐུབ་པར་ས་གནས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མ་འོངས་པར་ཡང་མུ་མཐུད་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་མི་སོགས་ལ་མཐུན་འགྱུར་རོགས་རམ་གནང་དགོས་པ། ལྷག་དོན་བོད་པའི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་དགོས་པ་སོགས་ཞུས་ཡོད་འདུག
དེ་རྗེས་ནུབ་བྷེང་གྷལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རུ་དྷེན་ས་ཌ་ལེབ་ཆ་ (Ruden Sada Lepcha) ལགས་ལ་མཇལ་འཕྲད་ཞུས་ཏེ། བོད་པའི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། ནུབ་བྷེང་གྷལ་མངའ་སྡེའི་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ལག་བསྟར་གནང་ཐུབ་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ། དེ་བཞིན། རྒྱ་གར་དབུས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཡོད་པ་བཞིན། མ་འོངས་པར་མངའ་སྡེ་སོ་སོའི་གྲོས་ཚོགས་ནང་དུའང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་འཆར་ཡོད་པར་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་སྐབས་ཁོང་གིས། ཡིན་དང་ཡིན། ཁོ་རང་མ་གཞི་ནས་བོད་དང་བོད་མིར་རྒྱུས་མངའ་ཆེན་པོ་ཡོད་སྐོར་དང་། ཁོ་རང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ནང་སླེབས་པའང་བོད་པ་དང་། བོད་དང་ཆོས་དང་རིག་གཞུང་གཅིག་པ། མི་རིགས་གཟུགས་དབྱིབས་འདྲ་བ་ཚོས་རྒྱབ་སྐྱོར་གནང་བར་བརྟེན་ནས་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་ཡིན་སྐོར། མ་འོངས་པར་མངའ་སྡེའི་ནང་གི་བོད་མི་དང་། ནང་པ་ཚོར་གང་ཐུབ་རོགས་རམ་གནང་འདོད་ཡོད་སྐོར་སོགས་ཞལ་བཞེས་གང་ལེགས་གནང་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་མ་ཎི་ཚོགས་ཁང་ནང་ཀ་སྦུག་མི་མང་ལ་གསུང་བཤད་དང་དྲི་བ་དྲིས་ལན་སྐབས། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་བོད་པའི་འཐབ་རྩོད་གནས་བབ་དང་། གྲོས་ཚོགས་ཀྱི་ལས་རིམ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་ངོ་སྤྲོད་གནང་བ་དང་འབྲེལ། ཀ་སྦུག་ས་གནས་སུ་བོད་པ་ ༢༠༠༠ ཡས་མས་ཡོད་ཀྱང་། ཕྲུ་གུ་མང་ཆེ་བ་ས་གནས་རྒྱ་གར་སློབ་གྲྭར་བཏང་སྟེ། ཀ་སྦུག་སཾ་བྷོ་ཊ་སློབ་གྲྭའི་ནང་སློབ་ཕྲུག་གྲངས་ ༣༧༧ ཡོད་པའི་ཁྲོད་བོད་ཕྲུག་ ༨༠ ཙམ་ལས་མེད་པ་དང་། བོད་པ་ཡུལ་མིར་ཆང་ས་རྒྱག་མཁན་མང་བ། སྐད་ཀྱང་བལ་སྐད་མཉམ་བསྲེས་བྱེད་བཞིན་ཡོད་པ་སོགས་ནི་ཐབས་སྐྱོ་པོ་ཡིན་པ་དང་། བོད་མི་རིགས་ཟེར་བ་དེ་སྐད་ཡིག་རིག་གཞུང་དང་། ཡུལ་གོམས་གཤིས་ལུགས་ཀྱི་ཐོག་ནས་ར་སྤྲོད་དགོས་པ་ལས། ཤ་ཁྲག་རུས་གསུམ་དང་གཟུགས་བྱད་སོགས་ཀྱིས་བོད་པའི་གྲངས་ཀ་ཙམ་ལས་བོད་པའི་སྤུས་ཀ་མངོན་མི་ཐུབ་པ་སོགས་གསུངས་ཡོད་འདུག
ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་ཀ་སྦུག་སྨན་རྩིས་ཁང་དང་། གཡུ་ལོ་བཀོད་པའི་རྒས་གསོ་ཁང་བཅས་ལ་གཟིགས་སྐོར་གྲུབ་རྗེས། ཀ་སྦུག་ནས་ཕེབས་ཐོན་གྱིས་ཨལ་གྷ་ར་དང་། སྤོས་སྡོང་ས་གནས་མི་མང་ལ་ཐུག་འཕྲད་དང་། ཉིན་རྒྱབ་ལ་ཝར་ལ་འབྱོར་ཏེ་མི་མང་ལ་ཐུག་འཕྲད་དང་། བཀའ་བརྒྱུད་ཐེག་ཆེན་གླིང་དུ་མཇལ་སྐོར། ཕྱི་དྲོར་རྙིང་དགོན་ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་དུ་མཆོད་མཇལ་བཅས་གནང་ཡོད་འདུག ཕྱི་ཚེས་ ༩ ཉིན་གྱི་ཞོགས་པ་ལ་ཝར་ནས་ཕེབས་ཐོན་གྱིས་ཉིན་གུང་ཨོཌ་ལ་བྷ་རི་འབྱོར་སྐབས། ས་གནས་མི་མང་གིས་ཕེབས་བསུ་ཞུས་ཡོད་པ་དང་། ཕྱི་དྲོར་ཇའི་སྒང་དུ་འབྱོར་ཏེ་མི་མང་ཚོགས་འདུ་བསྐོངས་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་སྤྱི་འཐུས་མཆོག་ཇའི་སྒང་དང་འབྲུག་ཕུན་ཚོགས་གླིང་བཅས་ཀྱི་ལས་དོན་ཁག་གྲུབ་རྗེས་ས་ལུ་སྒར་ཕྱོགས་སུ་ཕེབས་ཐོན་གྱིས་མུ་མཐུད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་བཅས། །