༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བཀའ་འབྲེལ་དང། ལ་སྤྱི་ལས་ཁུངས་ནས་རྩིས་ལོའི་ནང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལས་གཞི་ཁག་ཅིག་ལེགས་བསྒྲུབས་ཟིན་ཡོད་པ་དེ་དག་དབུ་འབྱེད་ཡོང་བ་ཇི་ལྟར་མགྲོན་འབོད་གནང་བ་ལྟར། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དྲུང་ཆེའི་ལས་འགན་རྩིས་ལེན་ཟིན་པའི་ཉིན་ཤས་རྗེས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༣ ནས་ཚེས་ ༡༤ བར་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་བསྐྱངས་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༣ ཉིན་ལ་སླེར་འབྱོར་རྗེས་ཕྱི་ཚེས་ ༤ ནས་ ༨ བར་བྱང་ཐང་མ་ཁྱུ་དང་། ཧན་ལེ། རྒོད་ཡུལ། བཀག་གཞུང་། ཉོ་མ། སུམ་མདོ། ཆུ་མུར། ས་སྨད་བཅས་ཀྱི་འབྲོག་པའི་གནས་སྟངས་དངོས་སུ་རྒྱུས་ལོན་ཡོང་ཆེད་བྱང་ཐང་ས་ཁག་བརྒྱད་དུ་འཚམས་གཟིགས་གནང་ཡོད།དེའང་བྱང་ཐང་འགོ་པ་དང་མི་མང་མཉམ་ཚོགས་འདུ་ཚོགས་རྗེས་ས་གནས་ས་ཐོག་ཏུ་ཁོང་རྣམ་པའི་དཀའ་ངལ་དངོས་ཡོད་ཇི་ཡིན་དང་། ཉེ་སྔོན་ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་སླེ་བྱང་གཉིས་སུ་འཚམས་གཟིགས་བསྐྱངས་སྐབས་སླེ་བྱང་གཉིས་ཀྱི་མི་མང་ནས་དཀའ་ངལ་བདེ་སྡུག་མང་དག་ཞིག་ཞུས་ཁོངས་རྩིས་ལོའི་འདིའི་ནང་ལས་གཞི་ཁག་ཅིག་འགྲོ་མུས་ཡིན་པ་དང་། ལས་གཞི་ཁག་ཅིག་ལེགས་བསྒྲུབས་ཟིན་པ་བཅས་ལ་དངོས་སུ་རྟོག་ཞིབ་གནང་ཡོད། ཕྱི་ཚེས་ ༩ ཉིན་ལ་སླེར་འབྱོར་འཕྲལ་བོད་ཁྱིམ་སློབ་གྲྭ་དང་། རྒས་གསོ་ཁང་ལ་གཟིགས་བསྐོར། ཉིན་རྒྱབ་ས་གནས་ཀྱི་གནད་ཡོད་མི་སྣ་མཉམ་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༡༠ ཉིན་བསོད་ནམས་གླིང་གཞིས་གྲོང་ ༢ པའི་སི་པོལ་རྩེད་ཐང་དུ་ཇ་ཁང་དང་གོས་བརྗེ་ཁང་གསར་རྒྱག་ལས་གཞི་དང་། ཨག་གླིང་དུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་གཉིས་ཀྱི་སྤྱི་ཁང་གསར་རྒྱག་ལས་གཞི། གཞིས་གྲོང་ ༤ པའི་སྤྱི་ཐབ་ཉམས་བཟོའི་ལས་གཞི། དེ་བཞིན་གཞིས་གྲོང་ ༥ པའི་སྤྱི་ཁང་གསར་རྒྱག་ལས་གཞི་བཅས་ལེགས་བསྒྲུབས་ཟིན་པ་ཁག་དབུ་འབྱེད་གནང་ཐུབ་པ་བྱུང་ཡོད།དབུ་འབྱེད་ལས་དོན་གྲུབ་རྗེས་གོང་གསལ་གཞིས་གྲོང་ཁག་དང་། གཞིས་གྲོང་ ༡ པོ་དང་། ༤།༡༠།༡༡།༡༢ བཅས་ཀྱི་ཞིང་ས་དང་ཁང་ས། ཨ་སྦི་ཆུ་ཡུར་བཅས་ལ་གཟིགས་བསྐོར་གནང་། ཕྱི་ཚེས་ ༡༡ ནས་ ༡༣ བར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་དང་རྒྱུན་ལས་གཙོས་དབུས་འཛིན་མངའ་གཞུང་གི་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་འཆར་ཡོད་པ་དང་། ཨག་གླིང་ཁུལ་ཡོད་པའི་གཞིས་གྲོང་ཁག་ལ་གཟིགས་བསྐོར། སྐྱེ་ལྡན་དང་སྐྱེ་ལྡན་མིན་པའི་ཞིང་པ་མཉམ་བཞུགས་མོལ་ཚོགས་འདུ། ལ་སྤྱི་ལས་ཁུངས་དང་། མཉམ་འབྲེལ། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ཀྱི་ལས་བྱེད་མཉམ་ཚོགས་འདུ། དེ་བཞིན་བསོད་ནམས་གླིང་མི་མང་མཉམ་ཚོགས་འདུ་ཚོགས་རྒྱུའི་སོགས་ལས་རིམ་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ལ་སླེ་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག གོང་གསལ་ཕྱོགས་བསྐྱོད་སྐབས་འཛིན་གཞིས་འབྲེལ་ལས་དང་སོ་མཉམ་འབྲེལ་ལས་རྣམ་གཉིས་ལྷན་བཅར་ཞུས་ཐུབ་པ་བྱུང་ཡོད་བཅས།།