༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་མེག་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁེ་རོ་ཁེ་བྷི་རི་རཱ་ (Salvador Caro Cabrera) ལགས་ཀྱིས་མེག་སི་ཀོ་གྲོས་ཚོགས་སུ་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མེག་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁེ་རོ་ཁེ་བྷི་རི་རཱ་ལགས་སུ་གསུང་འཕྲིན་གནང་བའི་ནང་འཁོད་དོན། མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གནས་ཚུལ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པས་དུས་ཐོག་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ལོ་ངོ་སུམ་ཅུའི་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་དང་པོ་མེག་སི་ཀོ་ཚུད་པའི་ལཱ་ཊིན་ཨ་མི་རི་ཀའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པར་བརྟེན་མེག་སི་ཀོ་དང་བོད་མིའི་དབར་དམིགས་བསལ་གྱི་འབྲེལ་བ་འཕེལ་འགོ་བཙུགས་པ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེག་སི་ཀོ་ཚུད་པའི་ལཱ་ཊིན་ཨ་མི་རི་ཀའི་ཁུལ་དུ་ཐེངས་འགའ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད། སྐབས་དེར་མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། མེག་སི་ཀོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་ཐད་མཐུན་འགྱུར་རོགས་རམ་དང་བོད་མིའི་བདེན་པའི་འཐབ་རྩོད་ཆེད་དུ་མུ་མཐུད་ཞུ་གཏུག་གནང་དང་གནང་བཞིན་པ་བཅས་ལ་ང་ཚོས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་རིང་ཁ་སང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ངོ་བོ་དང་བཅས་པ་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྟབས། བོད་ནང་གི་གནས་སྟངས་ད་ལྟའི་ཆར་ཛ་དྲག་ཅན་དུ་གྱུར་ཡོད། འདི་འདྲའི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞུང་འབྲེལ་ཐོག་གསར་འཛུགས་གནང་བའི་གཏམ་བཟང་གི་གནས་ཚུལ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
སླར་ཡང་ངས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་གི་མ་འོངས་པའི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། མ་འོངས་པར་རྣམ་པ་ཚོ་དང་ལྷན་མཇལ་འཕྲད་ཞུ་རྒྱུའི་རེ་ལྟོས་བྱེད་ཀྱི་ཡོད། ཅེས་འཁོད་ཡོད་པ་བཅས།།