༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཅི་ལཱི་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཅི་ལཱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ས་གནས་ཀྱི་ནང་པ་རྣམས་དང་ཐུག་འཕྲད་གནང་ཡོད། ཕྱི་ཉིན་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་རེན་ཁ་ (Renca) གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཁི་ལོ་ཌིའོ་ཁེ་སི་ཊི་རོ་ (Claudio Castro) ལགས་དང་མཇལ་འཕྲད་དང་། ཉིན་རྒྱབ་གསར་དུ་བདམས་ཐོན་བྱུང་བའི་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཝེ་ལ་ཌོ་ (Vlado Mirosevic) མཆོག་དང་མཇལ་འཕྲད་ཀྱིས་ཁོང་གྲོས་ཚོགས་འོག་མའི་ཚོགས་གཙོར་གསར་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་འབྲེལ་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཞུས་ཏེ་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་གི་བོད་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་གཙོ་བོར་གྱུར་པའི་བོད་དོན་སྐོར་འགྲེལ་བརྗོད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས། རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ་ཞེས་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ་མཆོག) མཆོག་གི་སྐོར་དཔེ་དེབ་དང་། ཡུ་རུ་ག་ཡེ་ནས་ཡིན་པའི་རྩོམ་པ་པོ་ཨ་ལོ་མ་ (Aloma Sellanes) ལགས་ཀྱིས་བརྩམས་པའི་དཔེ་དེབ་ (Los Latinoamericanos y el Tíbet) ཅེས་པ་འགྲེམས་སྤེལ་གནང་ཡོད་པ་བཅས།།