༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༥ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྩོམ་པ་པོ་ཨུ་ཝེ་མེ་ཡཱ་ (Uwe Meya) ལགས་ཀྱིས་འཇར་མན་སྐད་དུ་བརྩམས་པའི་དཔེ་དེབ་ (Fokus Tibet) ཅེས་པ་དབུ་འབྱེད་གནང་ཡོད།
རྩོམ་པ་པོ་ཨུ་ཝེ་མེ་ཡཱ་ལགས་ནི། སུད་བོད་མཛའ་འབྲེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༢༡ བར་བོད་ནང་གི་གནས་སྟངས་སྐོར་རྒྱལ་སྤྱིའི་སྟེང་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ་ཁག་ཕྱོགས་སྒྲིག་གིས་དཔེ་དེབ་པར་སྐྲུན་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་གཙོ་བོ་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་སྐོར་འཁོད་ཡོད། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན། ཚོགས་མི། ཚན་པ་ཁག་གི་འགན་འཛིན་རྣམས་དང་ལྷན་དུ་དཔེ་དེབ་དེ་དབུ་འབྱེད་གནང་ཡོད། རྩོམ་པ་པོ་ཨུ་ཝེ་མེ་ཡཱ་ལགས་ནི་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཡིན་པ་མ་ཟད། བོད་དུའང་ཕེབས་མྱོང་ཡོད་ལ། ཁོང་གིས་ཕྱི་ལོ་ ༡༩༨༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་བཙོན་པ་རྣམས་དངོས་སུ་མིག་མཐོང་ལག་ཟིན་གྱི་ཤེས་རྟོགས་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༨༠ ནང་རྩོམ་པ་པོ་ཨུ་ཝེ་མེ་ཡཱ་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་གཟིགས་རྗེས་ཕྱི་ལོ་ ༡༩༨༩ ལོར་ཕྱག་རོགས་གཞན་དང་མཉམ་རུབ་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet-Initiative Deutschland e.V.) ཞེས་པ་གསར་འཛུགས་གནང་ཡོད།
དེ་ནས་བཟུང་རྩོམ་པ་པོ་ཨུ་ཝེ་མེ་ཡཱ་ལགས་ཀྱིས་འཇར་མན་སྐད་རྒྱག་མཁན་གྱི་རྒྱལ་ཁབ་ཁག་གཅིག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་གནང་ཡོད། དཔེ་དེབ་དབུ་འབྱེད་སྐབས་རྩོམ་པ་པོ་ཨུ་ཝེ་མེ་ཡཱ་ལགས་ཀྱིས་ཁོང་ཕྱི་ལོ་༢༠༠༢ ལོར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Tibet-Initiative Deutschland e.V.) ཞེས་པའི་ཚོགས་གཙོ་ཡིན་པའི་སྐབས་བོད་དོན་སྐོར་གྱི་གནས་ཚུལ་རྣམས་ཕྱོགས་སྒྲིག་གནང་འགོ་བཙུགས་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་ནང་གི་གནས་སྟངས་སྐོར་གནས་ཚུལ་བཏང་སྟེ་འགྲེལ་བརྗོད་གནང་ཡོད་པའི་སྐོར་གསུངས།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཨུ་ཝེ་མེ་ཡཱ་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་ཕྱག་ལས་རྒྱ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སུད་བོད་མཛའ་འབྲེལ་ཚོགས་པའི་གལ་གནད་དང་། སུད་བོད་མཛའ་འབྲེལ་ཚོགས་པ་ངོས་ནས་ད་བར་བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།