༠༨།༧།༥
བསམ་གཏན་གླིང་བཙུན་དགོན་གྱི་བཙུན་མ་ཆ་ཚང་ཕྱིར་འབུད་བྱས་པ། ཕྱི་ ཟླ་༦ ཚེས་༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤།༠༠ ཡས་མས་སུ་ཁམས་བྲག་འགོ་རྫོང་ཁོངས་བསམ་གཏན་གླིང་བཙུན་དགོན་གྱི་བཙུན་མ་ཆ་ཚང་ སོ་སོའི་ཁྱིམ་དུ་ཕྱིར་འབུད་བྱས་འདུག དེ་ཡང་གནས་ཚུལ་དེའི་འབྱུང་རྐྱེན་གཙོ་བོ་ནི། ཕྱི་ཟླ་༦ ཚེས་༨ ཉིན་བཙུན་དགོན་དེའི་བཙུན་མ་ཚེ་རིང་མཚོ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྗེས་བཙུན་མ་ཡོངས་ནས་མཉམ་ཞུགས་གནང་རྩིས་བྱས་འདུག་ཀྱང་། རྒྱ་གཞུང་འབྲེལ་ཡོད་ཚན་པས་ཁོང་ཚོ་བཀག་འགོག་བྱས་ཏེ་ཉིན་གྲངས་ ༡༩ ཙམ་རིང་བཙུན་དགོན་དུ་བཀག་ཉར་གྱིས་སློབ་གསོའི་ལས་འགུལ་སྤེལ་བར་ལམ་ལྷོངས་མ་བྱུང་སྟབས། མཐར་བཙུན་མ་རྣམས་ཀྱི་མིང་ཐོ་བཤེར་ཏེ་སོ་སོའི་ནང་མིར་རྩིས་སྤྲོད་ཕྱིར་སློག་བྱས་ཡོད་འདུག ད་ལྟའི་ཆར་བཙུན་དགོན་དུ་དཀོན་གཉེར་ཙམ་ལས་ལྷག་མེད་པ་རེད། གོང་གསལ་ཚེས་ཆ་ཉིན་བཙུན་མ་ཚེ་རིང་མཚོ་དང་ཨོ་རྒྱན་ལྷ་མོ་གཉིས་འཛིན་བཟུང་གིས་བཀག་ཉར་བྱེད་མུས་དང་། འབྲེལ་ཡོད་ཚན་པས་བཙུན་མ་གུ་རུ་འཛིན་བཟུང་བྱས་མེད་ཚུལ་བརྗོད་བཞིན་ཡོད་འདུག་ཀྱང་ཁོང་མོ་གོང་ཚེས་ཉིན་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
འཛིན་བཟུང་བྱས་པ་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་བ། སྐྱེས་ཡུལ་དཀར་མཛེས་རྫོང་ཁོངས་ནས་ཡིན་ཞིང་རྒྱུན་གཏན་ལྷ་སར་ཚོང་བརྒྱབ་ནས་སྡོད་མཁན་པའི་བཀྲིས་བསོད་ནམས་རང་ལོ་ ༤༨ ཞེས་པ་ཞིག་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་མཚན་མོའི་ཆུ་ཚོད་༡༡།༠༠ ཙམ་དུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ས་གནས་གང་ཞིག་ཏུ་བཀག་ཉར་བྱེད་མུས་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་འདུག
གཞན་ཡང་ཕྱི་ཟླ་ ༣ ནང་སྐྱེས་ཡུལ་དཀར་མཛེས་རྫོང་ཁོངས་ནས་ཡིན་ཞིང་ལྷ་སར་སྡོད་མཁན་རྒྱལ་མཚན་ཞུ་བ་ཞིག་འཛིན་བཟུང་བྱས་རྗེས་ད་ལྟ་གར་ཡོད་ཤེས་རྟོགས་མེད་པ་རེད་འདུག