༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། འཚེ་མེད་ཞི་བ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་མཛད་བཞིན་པར་ཆེ་བསྟོད་དུ་ལྷོ་ཨ་ཕི་རི་ཀའི་སི་ཝ་ནཱན་ཌ་ཐེབས་རྩ་ཁང་ (Sivananda World Peace Foundation) གི་ཚོགས་གཙོ་སྐུ་ཞབས་ཨིཤ་ཝར་རམ་ལུ་ཆི་མན་ (Prince Ishwar Ramlutchman) ལགས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་འདི་ལོའི་སི་ཝ་ནཱན་ཌ་ཞི་བདེའི་གཟེངས་རྟགས་ (Sivananda Peace Award) དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༠༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད།
ཨ་ཕི་རི་ཀའི་སི་ཝ་ནཱན་ཌ་ཐེབས་རྩ་ཁང་གིས་དེ་སྔ་སི་ཝ་ནཱན་ཌ་ཞི་བདེའི་གཟེངས་རྟགས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག་དང་། ཁོང་གི་སྐུ་ཟླ་ལྕམ་སྐུ་ཝིན་ནེ་མན་ཌེ་ལ་ (Winnie Madikizela Mandela) ལགས་སོགས་ལ་ཕུལ་ཡོད། སྐུ་ཞབས་ཨིཤ་ཝར་རམ་ལུ་ཆི་མན་ལགས་ཀྱིས་ཞི་བདེ་དང་བྱམས་སྙིང་རྗེའི་སྒྲོན་མེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ལོའི་སི་ཝ་ནཱན་ཌ་ཞི་བདེའི་གཟེངས་རྟགས་ཕུལ་ཐུབ་པ་བྱུང་བས་ཧ་ཅང་བསྐལ་པ་བཟང་པོ་བྱུང་ཞེས་གསུངས་ཡོད་པ་བཅས། །