༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་པར་གྲུབ་སྟེ་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་མེའོ་རྫོང་དཔོན་གཞོན་པ་ཨི་བྷོམ་ཏའོ་ (Ibom Tao) ལགས་དང་། རྫོང་དཔོན་གཞོན་པའི་ལས་རོགས་ནཱམ་རཱ་ཏཱ་བྷཌ་ཏི་ཝ་རི་ (Namrata Bhatt Tiwari) ལགས། ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་རྡོ་རྗེ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ། སཾ་བྷོ་ཊ་ཉིན་སློབ་ཀྱི་དགེ་ཆེ། ས་གནས་གཞོན་ནུ་དང་བུད་མེད། དམག་ཟུར་སྐྱིད་སྡུག། མི་མང་། སློབ་ཕྲུག་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་སུ་འབྱོར་མཚམས་གཞིས་དགོན་པདྨ་ཆོས་གླིང་དུ་མཆོད་མཇལ་དང་། སྤྱི་མི་ལས་ཁང་དབུ་འབྱེད་གནང་གྲུབ་མཚམས་ས་གནས་འགོ་འཛིན་ལས་ཁུངས་དང་༸རྒྱལ་བའི་ཕོ་བྲང་། རྒས་གསོ་ཁང་། སྔོན་འགྲོ་སློབ་གྲྭ། བུ་བཅོལ་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། འཐུང་ཆུའི་ལས་གཞི། ས་གནས་བུད་མེད་དང་དམག་ཟུར་སྐྱིད་སྡུག ས་གནས་འཐུས་ཚོགས། རང་བདེན་བདེན་ཚོགས་ཆུང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་མཉམ་འབྲེལ་ལས་ཁུངས་ཨ་མ་དང་ཡན་ལག་སྡེ་ཚན་ཁག་བཅས་སུ་གཟིགས་ཞིབ་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མེའོ་ཆོས་འཕེལ་གླིང་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་གཟིགས་སྐོར་གནང་རྗེས་སློབ་གྲྭའི་ཀམ་པུ་ཊར་སྡེ་ཚན་དབུ་འབྱེད་གནང་སྟེ་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་གྲངས་ཀ་གལ་ཆེན་པོ་རྩི་ཡི་ཡོད། ཕྱི་ལོ་ ༢༠༡༢ ལོར་བོད་ནས་ཡོང་མཁན་དང་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་པའི་སློབ་ཕྲུག་གི་གྲངས་འབོར་ ༢༠༡༢༨ ཡིན་པ་དང་། ཕྱི་ལོ་ ༢༠༢༡ ལོར་བོད་པའི་སློབ་ཕྲུག་གི་གྲངས་འབོར་ ༩༧༠༠ ཡིན། ལོ་དགུའི་ནང་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཆིག་ཁྲི་ལྷག་ཉུང་དུ་ཕྱིན་ཡོད།
ཉུང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་སུ་དམ་བསྒྲགས་བྱས་པ་དང་། ཕྱི་ལོ་ ༢༠༢༠ ལོར་བོད་ནས་རྒྱ་གར་ལ་ཡོང་མཁན་མི་གྲངས་ ༥ མ་གཏོགས་བྱུང་མེད། ཕྱི་ལོ་ ༢༠༢༡ ལོར་བོད་ནས་རྒྱ་གར་ལ་ཡོང་མཁན་མི་གྲངས་ ༡༠ བྱུང་ཡོད། ད་ལོར་བོད་ནས་རྒྱ་གར་ལ་ཡོང་མཁན་མི་གྲངས་ ༤ མ་གཏོགས་བྱུང་མེད། དེ་བཞིན་རྒྱ་གར་ནས་ཕྱི་རྒྱལ་ཁག་ཏུ་གཞིས་སྤོ་བྱས་པ་དང་། ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་པ་བཅས་ལ་བརྟེན་ནས་བོད་པའི་སློབ་ཕྲུག་གི་གྲངས་ཀ་ཉུང་དུ་ཕྱིན་ཡོད། དེར་བརྟེན་སློབ་གྲྭ་ཁག་གཅིག་ཟླ་སྒྲིལ་བཏང་སྟེ་མཐུན་རྐྱེན་བཟང་དུ་གཏོང་དགོས་པ་དང་། མ་འོངས་པར་མུ་མཐུད་གཞིས་ཆགས་ཁག་ས་བརྟན་དང་འཚོ་གནས་བྱེད་དགོས་ན་མིའི་གྲངས་ཀ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མེའོ་ཆོས་འཕེལ་གླིང་གི་སོ་ནམ་འགྲེམས་སྟོན་ཞིང་སར་གཟིགས་ཞིབ་དང་། ཇ་ཞིང་འདེབས་ལས་པ་རྣམས་དང་ཐུག་འཕྲད། དེ་བཞིན་ཀྲུ་ཀྲིང་མཁན་པོའི་དགོན་པ་གསར་བཞེངས་སླད་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་གནང་བའི་ས་ཆ་དང་། གཞིས་གྲོང་ཁག་ཏུ་འཚམས་གཟིགས་དང་འབྲེལ་མང་ཚོགས་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། འཐུང་ཆུའི་ལས་གཞིར་གཟིགས་ཞིབ་ལེགས་པར་གྲུབ་རྗེས་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཛུལ་བྱས་པར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཕྲག་བརྒལ་བ་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་ཡོད་པའི་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ངོ་བོ་དང་ལས་འགན། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་ལས་དོན་བྱེད་ཕྱོགས་དང་། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ངོ་སྤྲོད་དང་ལས་འགན་གང་ཡིན་པ། སྐུ་ཚབ་དོན་ཁང་སོགས་ངོ་སྤྲོད་ཟབ་རྒྱས་གནང་བ་མ་ཟད་མཇུག་ཏུ་དྲི་བར་ལན་འདེབས་ཀྱང་གནང་ཡོད། །