༄༅། །འདི་གར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣༡ ཉིན་ལྷན་ཚོགས་སྐབས་དྲུག་པའི་ལས་ཡུན་གཙང་སྟེ་ལྷན་ཚོགས་སྐབས་བདུན་པའི་ཚོགས་མིར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་འགྲོ་ཕན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་རྗེས་ཚོགས་བཅར་བ་རྣམས་ནས་གཡུ་ཐོག་གསོལ་འདེབས་འདོན། དེ་ནས་ལྷན་ཚོགས་སྐབས་ལྔ་པའི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་མཛད་སྒོའི་ངོ་སྤྲོད་དང་སྦྲགས་འདས་པའི་ལོ་གསུམ་གྱི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་ལྷན་ཚོགས་སྐབས་བདུན་པའི་འོས་བསྡུའི་ཚོགས་ཆུང་ནས་འོས་བསྡུའི་ལས་རིམ་དང་། སྐབས་བདུན་པའི་ཚོགས་མིར་འོས་འདེམས་བྱུང་བའི་མཚན་གཞུང་གསལ་བསྒྲགས་གནང་།ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོར་སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད་ལགས་དང་། ཚོགས་གཞོན་སྨན་དགེ་རྡོ་རྗེ་དགྲ་འདུལ་ལགས། དྲུང་ཆེ་སྨན་པ་པ་སངས་སྟོབས་ཆེན་ལགས་བཅས་འོས་འདེམས་བྱུང་བ་གསལ་བསྒྲགས་གནང་། སྐུ་མགྲོན་གཙོ་བོ་ནས་ལྷན་ཚོགས་སྐབས་བདུན་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་མཇལ་དར་དང་། འཕོ་བཞིན་པའི་སྐབས་དྲུག་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་འཁྱེར་གནང་། ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོ་ནས་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲོམ་གཞི་བརྟན་པོ་དང་ལས་དོན་བྱེད་ཕྱོགས་ཐོག་དགོངས་པ་བཞེས་རྒྱུ་ཡིན་སྐོར་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་གསོ་བ་རིག་པའི་ལྷན་ཚོགས་འདི་གལ་ཆེ་ཡིན་པས་ཁྱབ་ཁོངས་སྨན་པ་དང་རིག་གཞུང་བསྟི་ཁང་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་གང་ཐུབ་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་གསུང་བཤད་གནང་།མཐའ་མར་ལྷན་ཚོགས་ཀྱི་ཚོགས་མི་སྨན་པ་ཐོགས་མེད་ལགས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་ཆེད་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་དང་། སྐབས་བདུན་པའི་རྒྱུན་ལས་རྣམ་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུས་རྗེས་ཚོགས་བཅར་བ་རྣམས་ནས་སྨན་རྩིས་བསྟན་རྒྱས་འདོན་པ་དང་སྦྲགས་མཛད་སྒོ་ལེགས་པར་གྲུབ། ཕྱི་ཚེས་ ༣༡ ཉིན་ལྷན་ཚོགས་ཡིག་ཚང་དུ་ཚོགས་མི་གསར་རྙིང་དབར་ཡིག་ཆ་དང་ལས་དམ། ལས་ཁུངས་ཀྱི་འཛིན་ཆས་དང་དངུལ་ཁང་ལག་དེབ་སོགས་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་བཅས། །