༠༨།༧།༤
དཀར་མཛེས་ཁང་དམར་དགོན་པར་སྔོག་བཤེར་བྱ་རྒྱུར་གྲྭ་བ་ཚོས་བཀག་འགོག་བྱས་པ། ཕྱི་ཟླ་ ༧ ཚེས་ ༡ ཉིན་དཀར་མཛེས་རྫོང་ཁོངས་ཁང་དམར་དགོན་དགེ་ལྡན་བསམ་གྲུབ་གླིང་དུ་ལོ་ལྟར་དུས་མཆོད་ཅིག་འཚོག་སྲོལ་ཡོད་པ་ལྟར། དགེ་འདུན་པ་གྲངས་ ༧༠ ལྷག་དུས་མཆོད་འཚོག་བཞིན་པའི་སྐབས། རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་དང་། ཉེན་རྟོག་པ། དྲག་ཆས་དམག་མི་སོགས་ནས་ཟླ་༦ ཚེས་༡༤ ནས་༢༢ བར་ཉིན་ཁག་སོ་སོར་འཛིན་བཟུང་བྱས་པའི་དགེ་འདུན་པ་ལྔ་པོའི་གྲྭ་ཤག་ལ་སྔོག་བཤེར་བྱ་བར་སླེབས་འདུག དགེ་འདུན་པ་ཚོས་དེ་ནི་ང་ཚོར་བརྙས་བཅོས་དང་ཐུབ་ཚོད་བཏང་བ་ཞིག་རེད་བཤད་ནས་བཀག་འགོག་བྱས་པར་བརྟེན། གྲྭ་ཤག་སྔོག་བཤེར་བྱ་རྒྱུ་གནས་སྐབས་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་དང་། དགོན་པའི་དགེ་འདུན་པ་རྒན་གཞོན་ཚང་མས་རྒྱ་དམག་གིས་དགོན་པའི་ནང་གང་བྱུང་སྔོག་བཤེར་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་རྣམ་འགྱུར་འཛིན་བཞིན་ཡོད་འདུག
གསེར་ཐར་དུ་གནུབས་ཟུར་དགོན་པའི་གྲྭ་བ་གསུམ་གྱིས་ཞི་རྒོལ་བྱས་པ། ཕྱི་ཟླ་༦ ཚེས་༢༨ ཉིན་རྒྱབ་ཆུ་ཚོད་༢།༣༠ ཙམ་ལ་དཀར་མཛེས་ས་ཁུལ་གསེར་ཐར་རྫོང་ཁོངས་སུ་གནུབས་ཟུར་དགོན་པའི་དགེ་འདུན་པ་གསུམ་ནས་ཞི་བའི་སྐད་འབོད་བྱས་པར་འཛིན་བཟུང་བྱུང་འདུག ཁོང་གསུམ་ནི་སྤྲུལ་སྐུ་དགེ་འདུན་དང་། ས་གཞི། རྒྱ་ཕྱུག་དབང་ཕྱུག་(གཡང་ཕྱུག) བཅས་ཡིན་འདུག་པ་ལས། ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
དཀར་མཛེས་བྲག་དཀར་བཙུན་དགོན་གྱི་བཙུན་མ་ཞིག་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཁམས་དཀར་མཛེས་རྫོང་ཁོངས་སུ་ཡོད་པའི་བྲག་དཀར་བཙུན་དགོན་དུ་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཡོང་སྟེ་དེའི་ལས་སྣེའི་གྲས་ཡིན་པའི་བཙུན་མ་ཚེ་རིང་དབང་ཕྱུག་མིང་ཁ་གསལ་མི་འདུག ཞེས་པ་ཞིག་འཛིན་བཟུང་བྱས་འདུག ཁོང་མོ་འཛིན་བཟུང་བྱས་དོན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག དཀར་མཛེས་རྫོང་དུ་བཙུན་མ་ཁག་གིས་ཞི་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཙམ་གྱི་ཐོག་རང་ལོ་ ༣༢ དུ་སོན་པའི་དཀར་མཛེས་འབུལ་ཤར་ངང་པ་སྟག་ཚང་གི་བུ་ངག་དབང་ཕུན་ཚོགས་ནས་དཀར་མཛེས་རྫོང་ཉེན་རྟོག་ལས་ཁུངས་མདུན་༸གོང་ས་མཆོག་གི་སྐུ་པར་གནམ་ལ་འཕྱར་ཏེ་ཡིག་ཆ་འབོར་ཆེན་འགྲེམས་བཞིན་རྒྱ་གཞུང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་ཀྱི་སྐད་འབོད་ཤུགས་ཆེ་བྱེད་སྐབས་དྲག་ཆས་དམག་མིས་ཉེས་རྡུང་ཚབས་ཆེ་བཏང་སྟེ་འཛིན་བཟུང་བྱས་ཡོད་འདུག
དེ་མཇུག་ཆུ་ཚོད་གཅིག་ཙམ་རྗེས་སུ་དབྱར་སྟེང་བཙུན་དགོན་གྱི་བཙུན་མ་རང་ལོ་ ༣༡ སོན་པ་གཡང་འཛོམས་དང་། རང་ལོ་ ༢༧ དུ་སོན་པ་སྤས་དབང་པདྨོ། རང་ལོ་ ༢༩ སོན་པ་ལྷ་མོ་བཅས་གསུམ་གྱིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ཕྱི་ཟླ་༥ ཚེས་༡༨ ཉིན་འཛིན་བཟུང་བྱས་པའི་སྤང་རི་སྣ་བཙུན་དགོན་དང་། དབྱར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་བློ་བཟང་བསྟན་འཛིན་ཡེ་ཤེས་འཕྲིན་ལས་རིན་པོ་ཆེའམ་སྤང་རི་སྣ་རིན་པོ་ཆེ་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་ཤུགས་ཆེ་བྱེད་སྐབས་གོང་གསལ་ལྟར་དྲག་ཆས་ཉེན་རྟོག་པས་ཉེེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་འདུག
ཕྱི་ཟླ་༥ ཚེས་༡༤ ཉིན་འཛིན་བཟུང་བྱས་པའི་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ ༥༠ ལྷག་ནས་༤ ཙམ་གློད་གྲོལ་བཏང་ཟིན་ཡོད་འདུག་ཀྱང་། འཕྲོས་རྣམས་དར་རྩེ་མདོའི་ཁོངས་སུ་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་མུས་སུ་ཡོད་འདུག