༠༨།༧།༢
འཛིན་བཟུང་བྱས་པ་ཞིག་བཙོན་ཁང་ནང་འདས་གྲོངས་སོང་བ། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་ནས་ཡིན་པའི་ངག་དབང་དཔལ་བཟང་(ལོ་དགོན་པའི་བླ་མའང་)ཟེར་འདི་ལོའི་ཕྱི་ཟླ་༣ པའི་ནང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་ཡོད། ཁོང་དེ་སྔ་སྟག་རྩེ་ལོ་དགོན་པའི་གྲྭ་པ་ཞིག་ཡིན། ཕྱི་ལོ་ ༡༩༩༣ ལོར་ཆབ་སྲིད་གནད་དོན་རྐྱེན་པས་གྲྭ་བཞི་བཙོན་ཁང་དུ་ལོ་ ༦ རིང་སྡུག་སྦྱོང་མྱངས་ཡོད། སྐབས་དེར་གློད་གྲོལ་ཐོབ་ནས་བཟུང་ལྷ་སར་སྨན་རྩིས་ཀྱི་སློབ་གཉེར་བྱེད་མུས་ཡིན་འདུག ཉེ་ཆར་ཁོང་འཛིན་བཟུང་གིས་བཙོན་དུ་ཉེས་རྡུང་ཚད་མེད་བཏང་རྐྱེན་ཕྱི་ཟླ་ ༥ ནང་སྙིང་གས་ཏེ་འདས་གྲོངས་ཕྱིན་རྗེས་ནང་མིར་ཕུང་པོ་རྩིས་སྤྲོད་བྱས་འདུག འདས་གྲོངས་སོང་ཡུལ་གྱི་བཙོན་ཁང་དང་ཚེས་གྲངས་ཁ་གསལ་མི་འདུག (མཆན༔ འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༡ སླེབས།)
བཙོན་པ་ཞིག་གཅོང་ཅན་བཟོས་ཏེ་ནང་མིར་རྩིས་སྤྲད་པ། སྟག་རྩེ་ཕག་མོ་དགོན་པའི་གྲྭ་པ་སངས་(བསྟན་འཛིན་རྣམ་རྒྱལ་) ཟེར་བ་ཞིག་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་རྗེས་བཙོན་ཁང་དུ་ཉེས་རྡུང་ཚད་མེད་བཏང་སྟེ་གཅོང་ཅན་བཟོས་མཚམས་གློད་གྲོལ་གྱིས་ནང་མིར་རྩིས་སྤྲོད་བྱས་ཡོད་པ་མ་ཟད། ཉེས་རྡུང་ཕོག་པའི་འདྲ་པར་དང་གནས་ཚུལ་ཕྱི་གྱར་བྱུང་ཚེ་ནང་མི་སྤུན་མཆེད་དང་བཅས་པར་ཉེས་པ་ལྗིད་པོ་གཅོད་རྒྱུ་ཡིན་སྐོར་འབྲེལ་ཡོད་ཚན་པས་འཇིགས་སྐུལ་བྱས་ཡོད་འདུག ཁོང་ཕྱི་ལོ་༡༩༩༣ ཟླ་ ༨ པའི་ནང་ཆབ་སྲིད་གནད་དོན་རྐྱེན་པས་ལོ་ ༦ རིང་གྲྭ་བཞི་བཙོན་ཁང་དུ་སྡུག་སྦྱོང་མྱངས་ཡོད།
འབྲས་སྤུངས་གྲྭ་བ་ཞིག་ལ་འཛིན་བཟུང་གིས་འདྲི་རྩད་བྱེད་སྐབས་ཉེས་རྡུང་ཚད་མེད་བཏང་བ། འབྲས་སྤུངས་དགོན་པའི་གྲྭ་པ་ཞིག་ལ་ད་རེས་ཕྱི་ཟླ་༣ པའི་ནང་ལྷ་ས་གྲོང་ཁྱེར་སྤྱི་བདེ་འབྲེལ་ཡོད་ཚན་པས་འཛིན་བཟུང་གིས་བཀག་ཉར་འདྲི་རྩད་བྱེད་རིང་ཉེས་རྡུང་ཚད་མེད་བཏང་སྟེ་ད་ཆ་གློད་གྲོལ་བཏང་ཡོད་འདུག ཁོང་ཆབ་སྲིད་གནད་དོན་རྐྱེན་པས་གྲྭ་བཞི་བཙོན་ཁང་དུ་ཕྱི་ལོ་ ༡༩༩༡ ནས་ཕྱི་ལོ་༢༠༠༤ བར་ལོ་ ༡༣ ལྷག་བཙོན་བཅུག་བྱས་ཡོད། བཙོན་དུ་ཡོད་པའི་སྐབས་ཕྱི་ལོ་ ༡༩༩༨ ལོར་བཙོན་པ་ཚོས་ཞི་བའི་ངོ་རྒོལ་བྱས་པར་མེ་མདའ་ཕོག་སྟེ་རྨས་སྐྱོན་ཚབས་ཆེ་བྱུང་བའི་གྲས་ཀྱང་ཡིན། འདི་ལོའི་ཕྱི་ཟླ་༣ ནང་ལྷ་སར་ཞི་རྒོལ་བྱུང་རྗེས་ཆབ་སྲིད་བཙོན་ཟུར་མང་ཆེ་བ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁོངས་ཁག་ཅིག་གློད་གྲོལ་བཏང་ཡོད་ཀྱང་། ད་དུང་མི་ཉུང་བ་ཞིག་ས་གནས་གང་ཞིག་ཏུ་བཀག་ཉར་བྱེད་བཞིན་ཡོད་མེད་ཤེས་རྟོགས་མེད་པ་རེད་འདུག