༢༠༡༡ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། ། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༠ ཉིན་བཏང་གནས་ནང་འཁོད་དོན། ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང། ཉིན་རེ་ནས་ཉིན་རེ་བཞིན་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་ཚོད་འདིར་ཨོ་སི་ཊོ་ལི་ཡའི་མེལ་བྷོན་ཁུལ་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ནས་སེམས་འཚབ་དང་གདུང་སེམས་མཉམས་སྐྱེ་མཚོན་ཆེད་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཡོད། དེ་ཡང་ཨོ་སི་ཊོ་ལི་ཡའི་མེལ་བྷོན་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཟས་བཅད་དང་སྨོན་ལམ་གསུང་དོན་གནང་སྐབས་ཁུལ་དེར་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་རྒྱ་རིགས་ཚོགས་མི་རྣམས་ནས་ལས་འགུལ་ནང་མཉམ་ཞུགས་གནང་བ་མ་ཟད། ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གི་དྲག་གནོན་དང་གདུག་རྩུབ་འོག་འུ་ཐུག་ཐབས་ཟད་ཀྱི་རང་ལུས་ལ་མེར་སྲེག་གཏོང་བས་ལམ་དེ་ལྟ་བུ་ལས་གདམ་ཀ་མེད་པའི་ར་སྤྲོད་གསལ་དུ་ཕྱིན་ཡོད་པའི་འགྲེལ་ བརྗོད་གནང་བ་མ་ཟད། སྐུ་སྲོག་ཤོར་བའི་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ལ་མྱང་ངན་གུས་འདུད་ཞུ་རྒྱུ་དང། འདས་ཟིན་པའི་ལོ་ངོ་ ༦༢ རིང་རྒྱ་ནག་གཞུང་གི་སྲིད་དབང་འོག་རྒྱ་བོད་མི་རིགས་གཉིས་སྡུག་བསྔལ་གནས་སུ་གྱར་དགོས་བྱུང་ཡོད་པ་དང། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་ལྷག་པར་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པར་བསྐྱོན་བརྗོད་དང་། སྲིད་བྱུས་ཐབས་སྡུག་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད། ཡང་གསལ་བསྒྲགས་ནང་ད་དུང་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་བོད་ནང་གི་གནས་སྟངས་ལ་རྟོག་ཞིབ་ཆེད་རང་དབང་གི་གསར་འགོད་ཚོགས་པ་མངགས་གཏོང་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མི་རྣམས་ལ་ཆོས་ལུགས་དང་གཏམ་བརྗོད་རང་དབང་གི་ཐོབ་ཐང་སྤྲོད་དགོས་པའི་འགྲེལ་བརྗོད་གནང་ཡོད། ཨོ་སི་ཊོ་ལི་ཡའི་མེལ་བྷོན་རྒྱ་བོད་མཐུན་ཚོགས་ཀྱི་སྤེལ་བའི་གསལ་བསྒྲགས་ནང་ད་དུང། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་ཉིད་ཀྱི་ཡང་སྲིད་སྐོར་ལ་ཡོངས་ཁྱབ་སྩལ་བའི་གལ་ཆེའི་བཀའ་ཡིག་བཞིན། སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་ཡང་སྤྲུལ་སྤྱི་དང་། ལྷག་པར་༸རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་ཐེ་བྱུས་བྱ་རྒྱུ་དེ་དག་ཐོག་མེལ་བྷོན་རྒྱ་བོད་མཐུན་ཚོགས་ངོས་ནས་དུས་ནམ་ཡང་ངོ་ལེན་བྱེད་ཐབས་རྩ་བ་ནས་མེད་ཅེས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ནང་བཀོད་ཡོད་པ་བཅས།།
ཨོ་སི་ཊོ་ལི་ཡའི་མེལ་བྷོན་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ནས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ཀྱི་ཆེད་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ།
གསར་གནས།
འབྲེལ་གནས།