༢༠༡༡ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །འདི་གའི་བོད་ཡིག་ཚན་པའི་གསར་འགོད་པས་རྡོར་གླིང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ཉིན་གསུམ་པའི་མཛད་སྒོར་ཕེབས་སྐབས་ཕེབས་ལམ་ས་གནས་ཁར་ཤང་དང་སོ་ནཱ་དཱ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ།
དེ་ཡང་གོང་ཚེས་ཉིན་ཆུ་ཚོད་། ༡།༣༠ ཐོག་བཀའ་ཁྲི་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བྱང་ཤར་རྡོར་གླིང་ཁུལ་གྱི་གནམ་ཐང་བྷག་ཌོར་རར་ཕེབས་འབྱོར་སྐབས་རྡོར་གླིང་ས་གནས་འགོ་འཛིན་དང་ལས་དྲུང་། བོད་མིའི་གཏན་སློབ་ཀྱི་རེག་ཊར་དང་། སློབ་ཟུར་ཚོགས་པའི་སྐུ་ཚབ། གཞོན་ནུ་དང་བུད་མེད་ཀྱིས་དབུས་ཚོགས་སྐྱིད་ཁག་གི་ལས་སྣེ་རྣམས་ཕེབས་བསུར་བཅར་ཡོད་པ་མ་ཟད་། ཕྱི་དྲོ་ཆུ་ཚོད་ ༤ ཐོག་ཁར་ཤང་ས་གནས་བོད་མིའི་བདེ་དོན་ཚོགས་ཆུང་གི་ཚོགས་གཙོ་བདེ་སྐྱིད་ལགས་ཀྱིས་གཙོས་ལས་ཟུར་རྣམ་པས་གྲོ་སོ་ཕྱེ་མར་དང་ལག་ཏུ་མཇལ་དར་ཐོགས་ཏེ་སྤྱི་ཁང་གསར་པའི་ནང་ཕེབས་བསུ་ཞུས་ཏེ་ལས་ཚབ་ལྷ་མཆོག་ལགས་ཀྱིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཀའ་ཁྲིར་མང་མོས་རྒྱལ་ཁ་ཐོབ་པར་ཁར་ཤང་ས་གནས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བཞིན་ཡོད། ཅེས་དང་ཁར་ཤང་ས་གནས་མི་མང་གི་སྔ་རྗེས་དཀའ་ངལ་ལ་བརྟེན་ནས་ནང་སྲིད་ལས་ཁུངས་ནས་ཧིན་སྒོར་འབུམ་ཉེར་གཅིག་གནང་སོན་བྱུང་བར་ཚོགས་ཁང་གསར་སྐྲུན་ཞུས་ཏེ་མི་མང་ལ་ཕན་ཐོགས་ཆེན་བྱུང་བ་སོགས་ས་གནས་བོད་མིའི་གནས་སྟངས་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། འདི་གར་ཁ་འཐོར་གྱི་ས་གནས་ཆུང་ཆུང་ཡིན་ཀྱང་ཆིག་སྒྲིལ་ཐོག་ནས་སྤྱི་པའི་ལས་དོན་ཚགས་ཚུད་གནང་བཞིན་ཡོད་པ་ལྟར་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ད་ལྟའི་ཆར་བོད་ནང་མི་དགུ་ཙམ་གྱི་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་ཛ་དྲག་ཡོད་བཞིན་པར་བརྟེན་བཀའ་སྤྱི་གཉིས་ཐུན་མོང་གིས་ལས་འགུལ་སྤེལ་རྒྱུའི་ལས་འཆར་ཁག་ངོ་སྤྲོད་དང་འབྲེལ་མི་མང་གིས་ལས་འགུལ་སྤེལ་སྐབས་འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་དང་མཐུན་པ། བཟང་སྤྱོད་དང་ལྡན་པའི་ཐོག་སྤེལ་དགོས་པའི་ལམ་སྟོན་གསུང་བཤད་གནང་སྟེ་ཁར་ཤང་ས་གནས་ནས་རླང་འཁོར་ནང་ཆུ་ཚོད་ཕྱེད་ལྷག་བསྐྱོད་དེ་སོ་ནཱ་དཱ་གཞིས་ཆགས་སུ་སླེབས་རྗེས་མི་མང་གིས་གྲོ་སོ་ཕྱེ་མར་དང་ལག་ཏུ་བོད་ཀྱི་རྒྱལ་དར་། དེ་བཞིན་མཇལ་དར་ཐོགས་ཏེ་བཀའ་ཁྲི་མཆོག་ལ་ཕེབས་བསུ་རྒྱ་ཆེ་ཞུས་ཡོད། བཀའ་ཁྲི་མཆོག་ནི་རྡོར་གླིང་ཁུལ་ནས་ཆུང་དུས་འཚར་ལོངས་བྱུང་ཡོད་པ་དང་། དེ་བཞིན་བཀའ་ཁྲིའི་ལས་འཁུར་བཞེས་རྗེས་ཡུལ་འདིའི་མི་མང་དང་ཐུག་འཕྲད་ཐོག་མ་ཆགས་ཡོད་པ་མཟད། གཞིས་ཆགས་སུ་ཕྱོགས་བསྐྱོད་ཀྱང་ཐོག་ལ་ཆགས་ཡོད་པ་བཅས།།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་རྡོར་གླིང་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།