༢༠༡༡ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༠ ཚེས་ ༡༩ དེ་བཞིན་རེས་གཟའ་ལྷག་པ་འཁེལ་བའི་ལྷག་དཀར་གྱི་ཉིན་མོ་ཡིན་པ་དང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་བོད་མི་གནས་ཡུལ་ས་གནས་གང་སར་ཟས་བཅད་མཆོད་འབུལ་གྱི་ལས་འགུལ་སྤེལ་ཡོད། ལས་འགུལ་འདི་ལྟར་སྤེལ་དགོས་པའི་དམིགས་ཡུལ་ནི་གཞིས་ལུས་བོད་མི་ཚོས་འུ་ཐུག་ཐབས་ཟད་ངང་རང་སྲོག་དོར་ཏེ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་ཡིན། ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་ཡོངས་ཁྱབ་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་གཞིས་ལུས་མི་མང་རྣམས་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེ་མཚོན་སླད་རེས་གཟའ་ལྷག་པའི་ཉིན་འཛམ་གླིང་ཁྱོན་དུ་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་མཆོད་འབུལ་གྱི་གོ་སྒྲིག་དགོས་པའི་འབོད་སྐུལ་གྱི་དགོངས་དོན་ལྟར་བྱང་ཨ་རིའི་ས་གནས་མང་པོ་ཞིག་ལ་ལས་འགུལ་རྣམ་པ་སྣ་ཚོགས་སྤེལ་ཡོད། དེ་ཡང་བྱང་ཨ་མེ་རི་ཁའི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་ལྷོ་ཁལ་ལི་ཕོར་ནི་ཡ་དང་། ནིའུ་ཡོཀ། ནིའུ་འཇར་སི། པོ་ཊི་ལན་ཊི། མི་ནི་སུད་ཊར། བྱང་ཁལ་ལི་ཕོར་ནི་ཡ། ཨི་ཏ་ཀཱ། ཕྷི་ལ་རྡི་ཕྷི་ཡ། སྦོ་སི་ཊོན། ཝ་ཤིང་ཊོན་སལ་ཀྲལ། ཤཱ་ལོ་སི་ཝལ། ཊོ་རོན་ཊོ། ཡུ་ཁྲཱ། ཝ་ཤིང་ཊོན་ཌི་སི། སན་རྡཱ་ཕྷིལ། ཁེ་ན་ཌ་མོན་ཁྲེའོ། ཁེ་ན་ཌ་ཁལ་གྷ་རིལ། ཨའེ་རྡཱ་ཧོ། མལ་སི་ཆིའུ་སི་བཅས་ཀྱི་ས་གནས་མང་ཆེ་བའི་བོད་མི་ཚོས་ཟས་བཅད་མཆོད་འབུལ་གྱི་ལས་འགུལ་སྤེལ་བ་དང་། དུས་མཚུངས་བོད་ནང་གི་གནས་སྟངས་ཧ་ཅང་ཚབས་ཆེན་པོ་ཆགས་པའི་དུས་སྐབས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་། མི་མང་ཚོས་བོད་མི་ཚོར་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེ་གནང་རོགས་ཞེས་ཡིག་ངག་གཉིས་ནས་འབོད་སྐུལ་ཞུས་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་གི་དམ་བསྒྲགས་སྲིད་བྱུས་མཚམས་འཇོག་ཡོང་ཐབས་དང་། དྲང་བདེན་གྱི་ཞིབ་འཇུག་ཚོགས་པ་དང་། རང་དབང་གི་གསར་འགོད་པ་བོད་ནང་བསྐྱོད་ཐབས་དགོས་པའི་གཅིག་གྱུར་གྱིས་དགོས་འདུན་ཡང་བཏོན་ཡོད། ས་གནས་ཁག་གཅིག་གིས་རང་རང་གནས་ཡུལ་ས་གནས་གཞུང་དང་། གྲོས་ཚོགས་ཉེ་འདབས་སུ་ཉིན་ཤས་སྔོན་ནས་མར་མེའི་ཁྲོམ་སྐོར་དང་། སྐད་འབོད། འདུ་འཛོམས། སྨོན་ལམ་གསུང་འདོན། སྙན་ཞུ་འབུལ་གཏོང་། ས་རྟགས་བསྡུ་ལེན། ཡིག་ཆ་འགྲེམས་སྤེལ་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཡོད་པ་དང་། ས་གནས་ཁག་གཅིག་གིས་ཉིན་ཤས་རྗེས་སླར་ཡང་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེ་དང་། རྒྱ་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུའི་འཆར་གཞི་འདུག ཟླ་བ་འདིའི་ཚེས་ཉེར་བཞི་སྟེ། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ ༦༦ འཁོར་བའི་ཉིན་མོར་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་ཀྱིས་གཙོ་བོ་འགན་འཁུར་ཐོག་སྐྱིད་སྡུག་ཁག་ནས་གཞོགས་འདེགས་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་དགོང་དྲོ་ཚོུད་ལྔ་པ་ནས་འགོ་འཛུགས་ཀྱིས་དུས་ཡུན་ཆུ་ཚོད་བཞིའི་རིང་མར་མེའི་ཁྲོམ་སྐོར་དང་། ཡིག་ཆ་འགྲེམས་སྤེལ་གྱི་ལམ་ནས་བོད་སྤྱི་དོན་སླད་རང་སྲོག་དོར་མཁན་བོད་མི་རྣམས་དང་། རྗེས་ཤུལ་ནང་མི་རྣམས་ལ་བཅོས་མིན་གྱི་གདུང་སེམས་མཉམ་སྐྱེ་དང་། བོད་ནང་གི་ཛ་དྲག་གནང་སྟངས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྔར་ལས་དོ་སྣང་ཆེ་བ་སླེབས་ཐབས་སུ་མར་མེའི་འདུ་འཛོམས་གཞི་རྒྱ་ཆེན་པོ་ཞིག་གནང་རྒྱུའི་ཐུགས་གཏན་འཁེལ་འདུག འཛམ་གླིང་ས་གནས་གང་སར་ཡོད་པའི་བོད་མི་བཙན་བྱོལ་བ་ཚོས་ལྷག་དཀར་ཉིན་ཉིན་བརྒྱ་དུས་གཅིག་ཏུ་ཟས་བཅད་མཆོད་འབུལ་གནང་གི་ཡོད་པའི་གནས་ཚུལ་དེ་རྒྱ་རིགས་ངོ་ཤེས་གྲོགས་པས་ཚོས་མཁྱེན་རྗེས་རྒྱ་རིགས་གྲོགས་པོ་ཁག་གཅིག་གིས་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པར་འབྲེལ་བ་ཞུས་ཏེ་ཁོང་ཚོས་ཀྱང་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ལྟོ་དུས་གཅིག་གམ། ཡང་ན་ཉིན་གང་ཟས་བཅད་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ཞུ་མཁན་བྱུང་འདུག་པ་བཅས།།
བཅུ་པའི་བཅུ་དགུ་ཉིན་བྱང་ཨ་རིའི་ཁྱབ་ཁོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་གྱི་ལས་འགུལ་སྤེལ་བ།
གསར་གནས།
འབྲེལ་གནས།